མཚོ་སྔོན་གྱིས་ངལ་རྩོལ་དཔེ་བཟང་ཅན་གྱི་ལས་བཟོ་པའི་ཁམས་གསོའི་ཐོན་ཁུངས་འོས་སྦྱོར་བྱ་འགུལ་སྤེལ། 
2024.08.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

ཟླ8པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གཙོ་སྒྲུབ་བྱས་པའི་རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན། ལས་བཟོ་པར་སེམས་ཁུར། བདེ་ཐང་ཁམས་གསོ་ཞེས་པའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་ཅན་གྱི་ལས་བཟོ་པའི་ཁམས་གསོའི་ཐོན་ཁུངས་འོས་སྦྱོར་བྱ་འགུལ་དེ་ཟི་ལིང་དུ་སྤེལ་མགོ་བརྩམས། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་། པེ་ཅིང་། ཐེན་ཅིན། ཅང་སུའུ། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་ཉི་ཤུའི་འགན་ཁུར་བློ་མཐུན་བྱ་འགུལ་ལ་ཞུགས།

ཉེ་བའི་ལོ་འགའི་རིང་། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་འོག མཚོ་སྔོན་བཟོ་ཚོགས་ཀྱིས་ཕྱི་ཕྱོགས་དྲིལ་སྒྲོག་འོས་སྦྱོར་ལ་ཤུགས་བསྣན་པ་དང་། ལས་བཟོ་པའི་དགོས་མཁོར་རྐང་བཙུགས་ཏེ། བཟོ་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཤིང་། ངལ་རྩོལ་དཔེ་བཟང་ཅན་གྱི་ལས་བཟོ་པའི་ཁམས་གསོའི་རྟེན་གཞི་མང་པོ་འཛུགས་སྐྲུན་བྱས་པ་དང་། རབ་མཛེས་མཚོ་སྔོན་གྱི་ལྟ་སྐོར་ལམ་ཐིག་དང་། སྐྱེ་ཁམས་མཚོ་སྔོན་གྱི་བདེ་ཐང་ལམ་ཐིག རིག་གནས་མཚོ་སྔོན་གྱི་ཁུངས་གཏུག་ལམ་ཐིག་སོགས་བརྗོད་གཞི་བྱས་པའི་ལས་བཟོ་པའི་ཁམས་གསོའི་རྟེན་གཞིའི་སྤུས་ལེགས་ལམ་ཐིག་མང་པོ་བསྐྲུན་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་བར་ཁམས་གསོའི་རྟེན་གཞིའི་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་བཀོད་པ་དང་། ལས་བཟོ་པའི་ཁམས་གསོའི་མཉམ་ལས་དང་མཉམ་འགུལ་ལ་ཤུགས་བསྣན་ཞིང་། ངལ་རྩོལ་དཔེ་བཟང་ཅན་གྱི་ཁམས་གསོ་དེ་མགོ་ཚུགས་ས་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་གཞོགས་འདེགས་བྱས།

མགོ་རྩོམ་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོགས་གྲོང་ཁྱེར་དང་ཁུལ་སོ་སོའི་བཟོ་ཚོགས་ཀྱིས་ཁམས་གསོའི་ཐོན་ཁུངས་དང་སྤུས་ལེགས་ལམ་ཐིག་འོས་སྦྱོར་བྱས་ཏེ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་བཟོ་ཚོགས་བར་མཉམ་ལས་གྲོས་ཆོད་བཀོད། ཐེངས་འདིའི་འོས་སྦྱོར་བྱ་འགུལ་གྱིས་རྒྱལ་ཡོངས་ས་གནས་སོ་སོའི་རྒྱ་ཆེའི་ངལ་རྩོལ་དཔེ་བཟང་ཅན་གྱི་ལས་བཟོ་པས་ཁམས་གསོ་བྱེད་པར་ཁམས་གསོའི་ཞབས་ཞུ་སྣ་མང་འདོན་སྤྲོད་བྱས་པས། ཁམས་གསོར་ཞུགས་པའི་ངལ་རྩོལ་དཔེ་བཟང་ཅན་གྱི་ལས་བཟོ་པས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་རིག་གནས་ཉམས་ལེན་དང་། རྒྱ་ཆེ་ལ་གཏིང་ཟབ་པའི་དམར་པོའི་རིག་གནས་དང་མི་རིགས་རིག་གནས་ཉམས་སུ་མྱངས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་དུས་རབས་ཀྱི་གད་རྒྱངས་ལ་ནན་གྱིས་ཉན་ཐུབ། 

ལྷ་མོ་འཚོས་བསྒྱུར།