ཟླ8པའི་ཚེས27ཉིན། གསར་འགོད་པས2024ལོའི་ཞིང་ཆེན་དང་པུའུ་ཡིས་མཉམ་དུ་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པའི་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་་དང་ཞིང་ལས་ཞིང་སྡེ་པུའུ་ཡིས་མཉམ་དུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱས་པའི་ཚུན་དུ། རང་ཞིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་ལྔ་བཙུགས་པ་དང་། ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་སྤྱི་ཆིངས་འབུམ་གཉིས་དང་ཁྲི་ལྔ་ལྷག་ལ་སླེབས་ཤིང་། དེས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་གྱི་བརྒྱ་ཆའི་ང་བདུན་ལྷག་ཟིན་པ་དང་། ནོར་གནག་སྟོང་་དང་བོད་ལུག་སྟོང་གི་ཐོན་སྐྱེད་རྟེན་གཞི་ཉིས་བརྒྱ་ལྷག་བཙུགས་ལ། ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་གསོ་སྤེལ་གྱི་བསྡུར་ཚད་བརྒྱ་ཆའི་ང་གཉིས་ལ་སླེབས་ནས། མཚོ་སྔོན་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་རྟེན་གཞི་རུ་གྱུར།
རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ནོར་གནག་དང་བོད་ལུག ནས་སོགས་དགེ་མཚན་ཁྱད་ལྡན་ཐོན་ལས་གཙིགས་འཛིན་བྱས་པ་དང་། གྲུབ་ཚུལ་ལེགས་སྒྱུར་དང་ཕྲེལ་འབྲེལ་རྒྱུན་བསྲིང་བྱས་ལ། ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཇེ་ཆེར་བཏང་བ་དང་། བསྡོམས་པས་རྒྱལ་ཁབ་རིམ་པའི་དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་ར་བ་དྲུག་དང་དགེ་མཚན་ཁྱད་ལྡན་ཐོན་ལས་འདུ་ཚོགས་ལྔ། ཐོན་ལས་ཀྱི་གྲོང་གསེབ་ཆེན་པོ་ཉེར་གཅིག ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་ར་བ་ཉེར་བདུན། ཞིང་བའི་མཉམ་ལས་ཁང་ཁྲི་གཅིག་དང་སྟོང་བདུན་སུམ་བརྒྱ། ཁྱིམ་ཚང་གི་ཞིང་ར་ཁྲི་གཉིས་དང་བདུན་བརྒྱ་བཅས་བཙུགས། དེ་དང་མཉམ་དུ། ཞིང་ཆེན་ཕྱི་རུ་ཆེད་འདོན་རྟེན་གཞི་དང་ཉམས་ལེན་ཚོང་ཁང་ཉེར་དྲུག་བཙུགས་པ་དང་། ནུབ་རྒྱུད་སྤུས་ལེགས་ཐོན་རྫས་ཀྱི་གློག་ཚོང་སྟེགས་བུ་དང་མཚོ་སྔོན་ཞིང་ནགས་ཕྱུགས་གསུམ་གྱི་ཚོང་རྫས་ཉོ་ཚོང་ལྟེ་གནས་གསར་སྐྲུན་བྱས་པས། 2023ལོའི་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་དྲ་ཐོག་ཉོ་ཚོང་ཚད་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་བརྒྱད་ལ་སླེབས་པ་དང་། 2024ལོའི་ལོ་སྟོད་ཀྱི་ཉོ་ཚོང་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་གཉིས་ས་ཡ་བཞི་ལ་སླེབས།
རིན་ཆེན་མཚོས་བསྒྱུར།