ཟླ8པའི་ཚེས30ཉིན། ཟས་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་དང་འབྲེལ་ནས། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་གྱི་ཐོན་རྫས་སྤུས་ཀ་ཚད་ལེན་ཞིབ་བཤེར་ཁང་གིས་འཛད་སྤྱོད་ཁེ་དབང་སྲུང་སྐྱོབ་དང་འོས་འགན་ལྟ་སྐུལ་དོ་དམ་པ་དང་། འཛད་སྤྱོད་པའི་འཐུས་ཚབ་པ། གསར་འགྱུར་སྨྱན་བྱད་མི་སྣ་སོགས་མི་བཞི་བཅུ་ལྷག་གདན་ཞུ་བྱས་ཏེ། ཞིང་ཆེན་གྱི་ཐོན་རྫས་སྤུས་ཀ་ཚད་ལེན་ཞིབ་བཤེར་ཁང་དུ་སོང་ནས་བརྗོད་དོན་ལ་ཡིད་རྟོན་གྲོན་ཆུང་དང་ཟས་རིགས་བདེ་འཇགས་མཉམ་སྤྱོད་ཅེས་པའི་ཟས་རིགས་བདེ་འཇགས་དྲིལ་སྒྲོག་དང་ཚོད་ལྟ་ཁང་གི་སྒོ་འབྱེད་ཉམས་ལེན་བྱ་འགུལ་སྤེལ་བ་དང་། ཟས་རིགས་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་བྱས་ཤིང་། ཟས་རིགས་ཚད་ལེན་ཞིབ་བཤེར་བྱ་བ་དངོས་སུ་ཉམས་ལེན་བྱས།
བྱ་འགུལ་ཁྲོད། ཞིང་ཆེན་གྱི་ཐོན་རྫས་སྤུས་ཀ་ཚད་ལེན་ཞིབ་བཤེར་ཁང་གི་ལས་བྱེད་མི་སྣས་ཚོད་ལྟ་ཁང་གི་སྒྲིག་ཆས་དང་། འཇོན་མིའི་རུ་ཁག་འཛུགས་སྐྲུན། ལག་རྩལ་སྟོབས་ཤུགས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། མིག་སྔའི་ཟས་རིགས་བདེ་འཇགས་ཀྱི་གནས་བབ་ལ་རྒྱུས་ལོན་བྱས་པ་དང་། ཟས་རིགས་ཚད་ལེན་ནུས་པ་དང་། ཚད་ལེན་གྱི་རྩ་བའི་རིགས་པ། སྙན་ཞུའི་བརྒྱུད་རིམ། སྤུས་ཚད་དོ་དམ་བརྒྱུད་རིམ་སོགས་ཀྱི་བྱ་བ་འགྲེལ་བཤད་བྱས་ལ། ཟས་རིགས་ཚད་ལེན་ལས་གཞི་འགའི་ཡུལ་དངོས་ཚད་ལེན་བརྒྱུད་རིམ་བསྟན་པར་མ་ཟད། ད་དུང་ཟས་རིགས་བདེ་འཇགས་སྐོར་གྱི་དྲི་བ་དྲིས་ལན་འདེབས་པར་བརྒྱུད་དེ། ནམ་རྒྱུན་དོ་ཁུར་བྱེད་མཁན་མང་པའི་འོ་མ་དང་འབྲུ་སྣུམ་སོགས་ཟས་རིགས་བདེ་འཇགས་གནད་དོན་དང་། ཞིང་ཕྱུགས་སྨན་རྫས་དང་ནད་གཞིའི་སྐྱེ་དངོས་ཕྲ་རབ་སོགས་ཚད་ལེན་ལས་གཞི་གཙོ་བོ་དམིགས་ནས། ཟས་རིགས་ཚད་ལེན་གྱི་ཆེད་ལས་ངོས་ནས་ཚང་མའི་དོགས་གཞི་སེལ་བ་དང་། ཟས་རིགས་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་། འཐུས་མི་རྣམས་ཀྱི་སྐྱེ་དངོས་ཕྲ་རབ་དང་དངོས་ལུགས་རྫས་འགྱུར་སོགས་ཚོད་ལྟ་ཁང་ལ་ལྟ་སྐོར་བྱས། བྱ་འགུལ་བརྒྱུད་དེ། སྤྱི་ཚོགས་ཀྱི་སྤྱི་དམངས་ཡོངས་ལ་ཚད་ལེན་སྡེ་ཁག་གི་ཟས་རིགས་བདེ་འཇགས་འགན་སྲུང་གི་ནུས་པ་དང་། གློ་བུར་དོན་རྐྱེན་ཐག་གཅོད་ནུས་པ། ཚད་རིག་ཞིབ་འཇུག་ནུས་པ་དང་། སྤྱི་ཚོགས་ལ་ཚད་ལེན་ཞབས་ཞུ་འདོན་སྤྲོད་བྱེད་པའི་ནུས་པ་བཅས་བསྟན་ཏེ། རྒྱ་ཆེའི་འཛད་སྤྱོད་པས་ཚད་ལེན་ཞིབ་བཤེར་བྱ་བའི་གལ་ཆེན་རང་བཞིན་རྟོགས་ཚད་ཇེ་མཐོར་བཏང་ཞིང་། འཛད་སྤྱོད་པས་ཟས་རིགས་ཚད་ལེན་ཞིབ་བཤེར་ལས་འགན་དང་ལག་རྩལ་ནུས་པ་རྒྱུས་ལོན་བྱེད་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་སྤྱི་དམངས་ཀྱིས་ཟས་རིགས་བདེ་འཇགས་ལ་ཡིད་རྟོན་བྱེད་ཚད་ཇེ་མཐོར་བཏང་།
ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཟས་རིགས་ཁེ་ལས་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཟས་རིགས་བདེ་འཇགས་ཐད་དོ་སྣང་བྱེད་པ་དང་མཉམ་དུ། ཟས་རིགས་གྲོན་ཆུང་དར་སྤེལ་བཏང་ཞིང་། སྤྱི་ཚོགས་ལས་རིགས་སོ་སོ་ཟས་རིགས་བདེ་འཇགས་བཅོས་སྐྱོང་བྱ་བར་ཞུགས་པར་སྐུལ་མ་བཏང་བ་དང་། མི་ཚང་མ་ཟབ་ཞུགས་བྱེད་པ་དང་སྤྱི་ཚོགས་ཀྱིས་མཉམ་བཅོས་བྱེད་པའི་སྣང་ཚུལ་ལེགས་པོ་བསྐྲུན་ཏེ། ཟས་རིགས་བདེ་འཇགས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།