ཉེ་ཆར། རང་ཞིང་ལ་ཉིན་བསྟུད་མར་དྲག་ཆར་བབས་པས། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱི་རོགས་སྐྱོར་ས་ཚིགས་མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་སྡེ་བ་དྲུག་གི་ཞོད་འགོག་གནས་བབ་ཧ་ཅང་ཛ་དྲག་ཆེ། དུས་སྐབས་དེར། སྡེ་སྡོད་བྱ་བའི་རུ་ཁག་སོ་སོས་དུས་ལྟར་ལས་འགན་དང་ལེན་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ཞོད་འགོག་ཉེན་སྐྱོབ་ཀྱི་བྱ་བའི་ཁྲོད་དུ་ཞུགས་ནས། མང་ཚོགས་ཁ་འགྲེམ་གཏོང་བ་དང་། ཆར་ཞོད་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་པ། མི་མངོན་པའི་ཉེན་ཁ་གྲལ་བཤེར་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོར་ཞུགས་པ་དང་། གང་དུ་ཉེན་ཁའི་གནས་ཚུལ་ཡོད་ན་དེ་རུ་སྡེ་སྡོད་བྱ་བའི་རུ་ཁག་ཡོད་པར་བྱས།
སྡེ་སྡོད་བྱ་བའི་རུ་ཁག་སོ་སོ་མྱུར་མོར་འགུལ་སྐྱོད་བྱས་ཤིང་། སྡེ་སྡོད་ཁུལ་གྱི་ཆུ་མཚམས་གཙོ་བོ་དང་། ཆུ་འབུད་སྦུག་ལམ། ཉེན་ཁ་ཆེ་བའི་ལམ་མཚམས། ས་གཤིས་གནོད་འཚེ་ཀྱི་མི་མངོན་པའི་ཉེན་ཁ་དང་། ལུང་བ་དང་གཡར་གཟར་ལ་ཉེ་བ་སོགས་ཁུལ་ཁོངས་གཙོ་བོར་ཕྱོགས་ཡོངས་ཅན་དང་དྲ་སྦྲེལ་རྣམ་པའི་བདེ་འཇགས་གྲལ་བཤེར་བྱས་པ་དང་། ས་གཤིས་གནོད་འཚེ་ཀྱི་མི་མངོན་པའི་ཉེན་ཁ་ཡོད་སའི་མང་ཚོགས་དང་ཆུ་རྒྱུན་འགྲམ་རྒྱུད་དུ་བཅའ་སྡོད་བྱས་པའི་མང་ཚོགས་ཚང་མ་གནས་སྤོར་བྱེད་དུ་བཅུག ཞོད་དུས་ཀྱི་བཀོད་སྒྲིག་སོ་སོ་དོན་འཁྱོལ་ནན་མོ་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་ལས་ཡུལ་དང་པོར་བསྐྱོད་དེ། སྡེ་བར་སྡོད་པ་དང་། ནུས་ཤུགས་ཡོད་རྒུས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་མཉམ་དུ་ཞོད་དུས་ཀྱི་ཆུ་ཚོད་ཉེར་བཞིའི་ལས་རེས་ལས་སྲུང་དང་དུས་བསྟུན་ལས་རེས་རྐྱེན་སྲོལ་ལག་བསྟར་ཡག་པོ་བྱས་ཤིང་། ཏང་ཡོན་དང་དང་བླངས་པ་རྩ་འཛུགས་བྱས་ནས་ཞོད་འགོག་རུ་ཁག་བཙུགས་པ་དང་། དུས་ཐོག་ཏུ་མི་མངོན་པའི་ཉེན་ཁ་མཐོང་བ་དང་ཉེན་ཁའི་གནས་ཚུལ་དུས་ལྟར་ཐག་གཅོད་པར་ཁག་ཐེག་བྱས། དེ་དང་མཉམ་དུ། རོགས་སྐྱོར་སྡེ་བའི་དངོས་ཡོད་དང་ཞོད་དུས་ཀྱི་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ཏེ། ཞིབ་ཕྲ་ལྡན་ལ་བེད་སྤྱོད་ཐུབ་པའི་འཕྲལ་བསྟུན་བྱེད་ཐབས་དང་ཐག་གཅོད་བརྒྱུད་རིམ་གཏན་འབེབས་བཟོས་པ་དང་། སྡེ་བ་སོ་སོའི་སྡེ་མི་རྣམས་ལ་ཞོད་འགོག་གི་འབྲེལ་ཡོད་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་ཞིང་། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས་པ་དང་། སྡེ་དམངས་རྣམས་དང་མཛའ་བརྩེའི་ཨ་ལོང་སྦྲེལ་ཏེ། ཞོད་དུས་སུ་མཉམ་དུ་འཆམ་མཐུན་བདེ་འཇགས་ཀྱི་གྲོང་གསེབ་ཁོར་ཡུག་བསྐྲུན་ཡོད།
ལྷ་མོ་འཚོས་བསྒྱུར།