ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་དམངས་དོན་འདྲི་གཅོད་བྱ་བར་ཆེད་དོན་རྟོག་ཞིབ་བྱས།
2024.09.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་རྟོག་ཞིབ་ཚན་ཆུང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་གྲོང་ཁྱེར་དང་ཁུལ། རྫོང་དང་ཆུའུ་ཁ་ཤས་སུ་སོང་སྟེ་དམངས་དོན་འདྲི་གཅོད་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་ཟི་ལིང་གྲོང་ཁྱེར་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་འབྲི་སྟོད་རྫོང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་སོགས་ས་ཁུལ་དུ་སོང་ནས། བཞུགས་མོལ་བརྗེ་རེས་དང་ཡུལ་དངོས་འཚམས་འདྲི་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་དམངས་དོན་འདྲི་གཅོད་བྱ་བའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཤིང་། འབྲི་སྟོད་རྫོང་གི་དགོན་གསར་ཡུལ་ཚོ་རུ་སྐོར་སྐྱོད་ཁྲིམས་ཁང་གི་གྱོད་གཞི་འདྲི་ཞིབ་བྱེད་པར་ཟུར་ཉན་བྱས།

རྟོག་ཞིབ་ཚན་ཆུང་གིས་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་ལ་ཉན་རྗེས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་ཁྲིམས་མཐུན་དྲང་གཞག་དང་ཕན་ནུས་མཐོ་བའི་སྒོ་ནས་དམངས་དོན་གྱོད་གཞི་སྣ་ཚོགས་འདྲི་ཞིབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་དོན་འདྲི་གཅོད་བྱ་བས་གྲུབ་འབྲས་ཡག་པོ་ཞིག་ལོན་པར་བྱེད་དགོས། རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་འགན་ནུས་རང་འགུལ་གྱིས་རྒྱུན་སྲིང་བྱེད་པ་དང་། གྱོད་ཁུངས་བཅོས་སྐྱོང་བྱ་བར་སྐུལ་འདེད་ཧུར་ཐག་གཏོང་བ། འགལ་ཟླ་དང་རྩོད་གཞི་མགོ་ཁུངས་ནས་སེལ་བར་སྐུལ་འདེད་གཏོང་བ། ཁྲིམས་ལྟར་གྱོད་གཞི་འདྲི་ཞིབ་བྱེད་པ། དམངས་དོན་འདྲི་གཅོད་འགན་ནུས་དང་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ། གཞན་དཔེ་རང་ལེན་གྱི་བྱ་བའི་འདུ་ཤེས་འཛིན་པ་དང་། འདྲ་མཉམ་དང་དྲང་གཞག་གི་སྒོ་ནས་དམངས་དོན་གྱོད་གཞི་སྣ་ཚོགས་འདྲི་གཅོད་བྱས་ནས། མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་ཁེ་དབང་ལ་དངོས་སུ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་ལྟ་སྐུལ་དང་རྒྱབ་སྐྱོར་ནུས་ལྡན་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆེད་དམིགས་བྱ་བའི་སྙན་ཞུ་དང་། ཆེད་དོན་འདྲི་རྩད། ཆེད་དོན་རྟོག་ཞིབ། འཐུས་མིའི་ཞིབ་བཤེར་སོགས་ལ་ཉན་པ་དང་དེར་གྲོས་ཞིབ་བྱེད་པའི་ཐབས་ཇུས་སྣ་མང་བརྒྱུད་དེ། འདྲི་གཅོད་ལས་ཁུངས་ཀྱིས་འགན་དབང་ལག་བསྟར་ཡང་དག་བྱེད་པར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་དགོས་ལ། བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འབད་པས་སྐུལ་འདེད་གཏོང་བའི་མཚོ་སྔོན་གསར་པའི་ལག་ལེན་ཁྲོད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་གིས་སྔར་ལས་རང་རྟོགས་ཀྱིས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་ལེན་བྱེད་པ་དང་། ཆེད་དམིགས་བྱ་བ་སྙན་ཞུ་བྱ་རྒྱུ་དེ་འདྲི་གཅོད་བྱ་བ་ལེགས་བཅོས་དང་དེར་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཆེད་དམིགས་བྱ་བ་ནན་ཏན་སྒོས་སྙན་ཞུ་བྱེད་པ་དང་གྲོས་གཞིའི་བསམ་ཚུལ་ཧུར་ཐག་གིས་སྒྲུབ་པ་བརྒྱུད། འདྲི་གཅོད་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

རིག་འཛིན་སྒྲོལ་མས་བསྒྱུར།