ཟླ་དགུ་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་ལ་མཉམ་འབྲེལ་བྱས་ཏེ་མཐོ་རིམ་མཐར་ཕྱིན་སློབ་མ་སོགས་ན་གཞོན་ལས་ཞུགས་ལས་གཏོད་ལས་དོན་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་དཔར་འགྲེམ་བྱས་ཏེ། ལས་ཞུགས་བརྟན་པོ་ཡོང་བའི་ཐད་ཀྱི་སྲིད་ཇུས་བྱེད་ཐབས་ཁག་ལྔ་བཏོན་ནས་ནུས་ཤུགས་ཡོད་རྒུས་མཐོ་རིམ་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་།
བྱེད་ཐབས་ལས་བསྟན་དོན། མཐར་ཕྱིན་པའི་ལོ་དང་སློབ་གྲྭར་ཁ་བྲལ་ནས་ལོ་གཉིས་ནང་ལས་ཞུགས་བྱེད་ཐུབ་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མ་དང་ན་གཞོན་ལས་ཤོར་དག་ལ་གཏན་འབེབས་ལྟར་སྟེར་ཐེངས་གཅིག་གིས་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་རོགས་དངུལ་སྤྲོད་དགོས་པ་དང་། རྒྱལ་གཉེར་ཁེ་ལས་ལ་མི་ཇེ་མང་དུ་སོང་ན་མ་དངུལ་མང་དུ་གཏོང་བའི་སྲིད་ཇུས་རྒྱུན་མཐུད་སྒོས་ལག་བསྟར་བྱས་ཏེ། གླ་ཕོགས་ཀྱི་ཕན་འབྲས་མཉམ་འགུལ་ལམ་སྲོལ་ལྟར་གཏན་འཁེལ་བྱས་པའི་གླ་ཕོགས་ཀྱི་བསྡོམས་འབོར་དེས་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་བསྡུ་རྒྱུའི་དགོས་མཁོ་ཆེ་རུ་གཏོང་དཀའ་བའི་རྒྱལ་དབང་ཁེ་ལས་ལ་མི་དང་མ་དངུལ་ཁ་སྣོན་བྱེད་དགོས། རྒྱལ་ཁབ་ཀྱི་ལས་ཞུགས་ལྟ་སྦྱོང་ལས་གནས་ས་ཡ་གཅིག་བསྡུ་བའི་འཆར་གཞི་ལག་བསྟར་བྱས་ཏེ། ཚན་རིག་ཞིབ་འཇུག་གི་རིགས་དང་། ལག་རྩལ་རིགས། དོ་དམ་རིགས། སྤྱི་ཚོགས་ཞབས་ཞུའི་རིགས་བཅས་ཀྱི་ལྟ་སྦྱོང་ལས་གནས་ཇེ་མང་དུ་གཏོང་དགོས། ལྟ་སྦྱོང་གི་དུས་ཡུན་མ་ལོངས་པར་དངོས་སྦྱོང་མི་སྣ་དང་ངལ་རྩོལ་གན་རྒྱ་བཞག་ཡོད་ན། དུས་ཚད་ལྷག་མའི་ལྟ་སྦྱོང་ཁ་གསབ་སྤྲོད་དགོས། སྲིད་ཇུས་འདི2025ལོའི་ཟླ12པའི་ཚེས31བར་ལག་བསྟར་བྱེད་རྒྱུ་རེད།
དུས་མཚུངས་སུ། རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་དང་ནུབ་རྒྱུད་འཆར་གཞི་སོགས་གཞི་རིམ་ཞབས་ཞུའི་རྣམ་གྲངས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་དང་། རྒན་གསོ་ཞབས་ཞུ། སྤྱི་ཚོགས་ལས་དོན་སོགས་གཞི་རིམ་གྱི་ལས་ཞུགས་གོ་སྐབས་རྒྱུན་མཐུད་ངང་སྔོག་འདོན་བྱ་དགོས། གསར་གཏོད་གཉིས་ཀྱི་ཞབས་ཞུའི་སྟེགས་བུ་བསྐྲུན་ནས་ལས་སྐྲུན་ཞབས་ཞུ་མཉམ་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་། ལས་སྐྲུན་མཐར་ཕྱིན་སློབ་མར་ས་གནས་ཀྱི་རྒྱབ་སྐྱོར་དང་། ལས་སྐྲུན་གསོ་སྐྱོང་སྦྱོང་བརྡར། གསོ་སྤེལ་ཞབས་ཞུ་སོགས་འདོན་སྤྲོད་བྱེད་དགོས། གཞི་གྲངས་ཆེན་པོ་དང་། མིས་བཟོས་རིག་ནུས་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བར་གསར་སྐྲུན་བྱས་པའི་ལས་ཞུགས་གོ་སྐབས་དང་། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་ཐབས་དོན་འཁྱོལ་བྱེད་དགོས། གྲོང་ཁྱེར་ཆེ་འབྲིང་མཉམ་འབྲེལ་གྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་བ་སོགས་ཀྱི་བྱེད་ཐབས་མང་པོ་སྤྱད་ནས།མཐོ་རིམ་སློབ་གྲྭའི་ཧྲུའུ་ཅི་དང་སློབ་གཙོ་ཁེ་ལས་སུ་སོང་ནས་ལས་ཞུགས་རྒྱ་བསྐྱེད་དང་། མི་ཤུགས་ཐོན་ཁུངས་ཀྱི་འགོ་ཁྲིད་པ་སློབ་གྲྭར་སྐྱོད་པ་སོགས་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་སྤྱི་པའི་ལས་ཞུགས་ཞབས་ཞུ་སློབ་གྲྭའི་ནང་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། སྨྱན་སྦྱོར་གསར་པ་དང་གྲངས་གཞི་ཆེ་མོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞབས་ཞུའི་ཁ་ཕྱོགས་དྲ་ཐོག་ཏུ་རྒྱ་ཆེར་བཏང་ནས་ཐད་གཏོང་གིས་ལས་གནས་སྣེ་ཁྲིད་དང་དྲ་འབྲེལ་སློབ་ཁང་། ཁེ་ལས་ལ་འཚམས་འདྲི་དང་ཁེ་ལས་ལ་འཚོལ་ཞིབ་སོགས་ཁྱད་ལྡན་གདན་ཞུའི་ཞབས་ཞུར་བརྟེན་ནས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།
གཞན་ཡང་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་ལ་དཀའ་ངལ་ཡོད་པའི་ན་གཞོན་ལ་ཆེད་དོན་རོགས་སྐྱོར་བྱེད་པ། ལས་ཞུགས་ཞབས་ཞུ་མགྱོགས་མོར་སྒྲུབ་པ། ལས་ཞུགས་ཁེ་དབང་སྲུང་སྐྱེལ་བཅས་ཀྱི་བྱ་སྤྱོད་བཞི་གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་བྱེད་དགོས། ལས་ཞུགས་བྱས་མེད་པའི་མཐོ་རིམ་སློབ་ཐོན་སློབ་མར་མིང་ངོ་མའི་ཐོག་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཀའ་ངལ་ཡོད་པའི་མཐར་ཕྱིན་སློབ་མར་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་དོན་འཁྱོལ་བྱས་ཏེ1131གི་ལས་ཞུགས་ཞབས་ཞུ་ཡོངས་ཁྱབ་ངང་མཁོ་འདོན་བྱེད་དགོས། ཡིག་ཚགས་བསྡུ་ལེན་དང་། ཁ་གསབ་ལེན་པར་རེ་ཞུ་བྱེད་པ། སྤྱི་ཚོགས་འགན་བཅོས་སྤྲོད་པ་སོགས་ཀྱི་སྲིད་ཇུས་མྱུར་མོར་སྒྲུབ་རྒྱུ་ལག་བསྟར་བྱེད་དགོས། མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཞུགས་ཁེ་དབང་གི་ཤེས་བྱ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་སྔར་ལས་བཟང་པའི་ལས་ཞུགས་ཁོར་ཡུག་བསྐྲུན་དགོས།
ཚེ་མགོན་རྒྱལ་གྱིས་བསྒྱུར།