ད་ལོའི་དབྱར་གནང་སྐབས་སུ་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་རྫས་ཕྱིར་འཚོང་གི་ཡོང་འབབ་དུས་མཉམ་ལས་བརྒྱ་ཆའི་སོ་གཅིག་འཕར།
2024.09.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2024ལོའི་དབྱར་གནང་སྐབས་སུ། མཚོ་སྔོན་གྱི་ཡུལ་སྐོར་ཁྲོམ་རས་མཚོ་སྔོན་ལ་ཁྱད་དུ་ཡོད་པའི་མཐོ་སྒང་གི་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་ལ་བརྟེན་ནས། ཡུལ་སྐོར་གྱི་ཚ་རླབས་ཆད་མེད་དུ་འཕྱུར་བར་བྱས། ཐུང་ཁྲིན་ཡུལ་སྐོར་སྟེགས་བུའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་དབྱར་གནང་སྐབས་ཏེ་ཟླ་བདུན་པ་དང་ཟླ་བརྒྱད་པར་སྟེགས་བུའི་བསྡོམས་རྩིས་བྱས་ན་མཚོ་སྔོན་གྱི་ཡུལ་སྐོར་ཞབས་ཞུའི་སྐུ་མགྲོན་སྣེ་ལེན་མི་ཐེངས་ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་དགུ་འཕར་བ་དང་། སྤྱིའི་མངག་ཉོ་བྱས་ཚད་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཉེར་དྲུག་ལས་བརྒལ་བ་དང་། 2019ལོའི་དུས་མཉམ་ལས་བརྒྱ་ཆའི་ལྔ་བཅུ་ཙམ་འཕར། དེའི་ཁྲོད་མགྲོན་ཁང་དང་། རྒྱལ་ནང་གི་གནམ་གྲུའི་འཛིན་བྱང་། ལྗོངས་ཁུལ་སོགས་ཀྱི་མངག་ཉོ་ཚད་ན་ནིང་གི་དུས་མཉམ་ཀྱི་མངག་ཉོ་ཚད་ལས་བརྒྱ་ཆའི་ཉི་ཤུའི་ཡན་ལ་སླེབས་ཤིང་། རྒྱལ་སྤྱིའི་གནམ་གྲུའི་འཛིན་བྱང་མངག་ཉོ་ཚད་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ཉེར་ལྔ་འཕར།

ད་ལོར། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པ་དམིགས་ཡུལ་དུ་བཟུང་ཞིང་། ཁུལ་ཁོངས་ཡོངས་དང་དུས་ཚིགས་ཧྲིལ་བོའི་ཡུལ་སྐོར་འཕེལ་རྒྱས་ཁ་ཕྱོགས་སུ་བཟུང་སྟེ། རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་རོགས་སྐུལ་བྱས། ཞིང་ཆེན་ཡོངས་ཀྱི་ལྗོངས་ཁུལ་ཆེན་པོ་བཅུ་ནི་ཚྭ་ཁའི་ཚྭ་མཚོ་དང་། སྐུ་འབུམ་དགོན་པ། མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་། མཚོ་སྔོན་པོའི་གླང་ཆེན་མཆེ་བའི་ལྗོངས་ཁུལ། ཚ་ཧན་ཚྭ་མཚོ། ཝུའུ་སུའུ་ཐི་ཆུ་ཐོག་ཡཱ་ཏན་ས་གཤིས་སྤྱི་གླིང་། ཚྭ་ཁའི་ཚྭ་མཚོའི་མཁའ་དབྱིངས་དང་པོའི་ལྗོངས་ཁུལ། ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་། མཚོ་སྔོན་པོའི་མཚོ་འཁྱིལ་ཁུག་དང་ཉི་ཟླ་རི་བོ་བཅས་ཡིན། མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་གྱིས་ཡུལ་སྐོར་ཐོན་རྫས་འདོན་སྤྲོད་བྱེད་ནུས་རྒྱུད་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཡུལ་སྐོར་བར་ཡུལ་སྐོར་བྱེད་ཐབས་གསར་བ་གང་མང་ཞིག་ཉམས་ལེན་བྱེད་དུ་བཅུག་པར་མ་ཟད། ཐུང་ཁྲིན་ཡུལ་སྐོར་སྟེགས་བུའི་གཞི་གྲངས་ལས་མངོན་པར་ལྟར་ན། ད་ལོའི་དབྱང་གནང་སྐབས་སུ་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐོན་རྫས་ཕྱིར་འཚོང་གྱི་ཡོངས་འབབ་དེ2023ལོའི་དུས་མཉམ་ལས་བརྒྱ་ཆའི་སོ་གཅིག་འཕར་བ་དང་། ཆི་ལེན་རྫོང་དེ་ལྷག་ཏུ་རྒྱལ་ཡོངས་ཀྱི་རྫོང་ཁག་ཁྲོད་མགྲོན་ཁང་སྔོན་ལ་མངག་ཉོ་བྱས་ཚད་ཀྱི་ཨང་བཅུ་པར་སླེབས་པ་རེད།

ཡུལ་སྐོར་སྐུ་མགྲོན་ཡོངས་ཁུངས་ཕྱོགས་ནས། མཚོ་སྔོན་གྱི་དབྱང་གནང་སྐབས་ཀྱི་ཞིང་ཆེན་ཕྱིའི་ཡུལ་སྐོར་བསྡུར་ཚད་བརྒྱ་ཆའི་རེ་གཉིས་ལ་སླེབས་ཤིང་། སྐུ་མགྲོན་གྱི་ཡོངས་ཁུངས་གཙོ་བོ་ནི་ཀན་སུའུ་དང་། ཧི་ནན། ཟི་ཁྲོན། ཧྲའན་ཞི། ཀོང་ཏུང་། ཅང་སུའུ་སོགས་ཡིན། དེ་ལས་གཞན། དབྱང་གནང་སྐབས་སུ་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་ནས་ཡོང་བའི་ཡུལ་སྐོར་པའང་ཇེ་མང་དུ་སོང་ཡོད་ཅིང་། དེའི་ཁྲོད་ཅང་སུའུ་དང་ཐེན་ཅིན་ནས་ཡིན་པའི་ཡུལ་སྐོར་པ་ན་ནིང་ལས་བརྒྱ་ཆའི་སུམ་ཅུར་ཉེ་བ་ཙམ་འཕར་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།