ཟི་ལིང་གིས་ས་གནས་ཞིང་ལས་ཁྱབ་ཁོངས་ཀྱི་སྔོན་སྐྱོད་ཚན་རྩལ་གྲུབ་འབྲས་གཅིག་སྡུས་ཀྱིས་ཁྱབ་བསྒྲགས་བྱས།
2024.09.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

ཟླ9པའི་ཚེས13ཉིན། ཟི་ལིང་ས་ཆའི་ཞིང་ལས་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཚོགས་ཆེན་སྟེང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཟི་ལིང་ས་ཆའི་ཞིང་ལས་ཁྱབ་ཁོངས་ཀྱི་སྔོན་སྐྱོད་ཚན་རྩལ་གྲུབ་འབྲས་ཁག་བཅུ་གཅིག་སྡུས་ཀྱིས་ཁྱབ་བསྒྲགས་བྱས་ཤིང་། ཞིང་ལས་ཐོན་རྫས་རིགས་གསར་པ་དང་། ལག་རྩལ་གསར་པ། འཕྲུལ་ཆས་གསར་པ་སོགས་རིགས་སྣ50ཡན་འགྲེམ་སྟོན་བྱས་པར་མ་ཟད། ཁེ་ལས་ལག་རྩལ་དགོས་མཁོ་ཁག10གཅིག་སྡུད་ཁྱབ་བསྒྲགས་བྱས་པ་དང་། ཚན་རྩལ་མཉམ་ལས་དང་གྲུབ་འབྲས་ཚུལ་སྒྱུར་རྣམ་གྲངས་རབ་དང་རིམ་པར་གྲོས་མཐུན་ཡི་གེ་བཀོད་ནས། ཚན་རྩལ་གྲུབ་འབྲས་དེ་དོན་དངོས་ཀྱི་ཐོན་སྐྱེད་ནུས་པར་བསྒྱུར་བར་སྐུལ་འདེད་མགྱོགས་པོ་བཏང་བ་དང་། ཞིང་ལས་ཐོན་སྐྱེད་ནུས་ཤུགས་གསར་མ་ཤུགས་ཆེན་པོས་གསོ་སྐྱོང་དང་འཕེལ་རྒྱས་སུ་བཏང་།

ཐེངས་འདིའི་ཚོགས་ཆེན་དེ་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་དང་། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་མཛུབ་སྟོན་བྱས་པ་དང་། ཟི་ལིང་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུའུ་ཡིས་གཙོ་བསྒྲུབས་བྱས་ཤིང་། ཟི་ལིང་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་ཞབས་ཞུ་ལྟེ་གནས་ཀྱིས་འགན་སྒྲུབ་བྱས། ཞིང་ལས་ཐོན་སྐྱེད་ནུས་ཤུགས་གསར་མ་གསོ་སྐྱོང་དང་འཕེལ་རྒྱས་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་ཇུས་ཁུངས་ས་ཁུལ་བསྐྲུན་པ་བརྗོད་དོན་དུ་བཟུང་སྟེ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིན། སྔོ་ཚལ་ཆེད་མཁས་པ་ཡུས་ཅིན་ཆོན་གདན་ཞུ་བྱས་ཏེ་འཁྱག་གྲང་སྔོ་ཚལ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་དམིགས་པའི་ཆེད་དོན་སྙན་ཞུ་བྱས་ཤིང་། འཁྱག་གྲང་སྔོ་ཚལ་ཚན་རྩལ་སྔོན་དུ་བསྐྱོད་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་ལ་ཞིབ་འཇུག་ཟབ་མོ་བྱས་ལ། ཚད་རིམ་སྔར་ལས་མཐོན་པོ་དང་ཁྱབ་ཁོངས་སྔར་ལས་ཡངས་པོའི་སྒོ་ནས་ཟི་ལིང་གི་འཁྱག་གྲང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བའི་འགག་རྩ་གཏོར་ཞིང་དང་བྱེད་ཐབས་ནུས་ལྡན་བཏོན། ཅང་སུའུ་ཞིང་ཆེན་གྱི་ཞིང་ལས་ཚན་རྩལ་གླིང་ཞིང་གསར་སློབ་གླིང་ཟི་ལིང་ཡན་ལག་སློབ་གླིང་གི་སྒོ་བྱང་བཀལ་ཏེ། ཅང་སུའུ་ཞིང་ཆེན་གྱི་ཞིང་ལས་ཚན་རྩལ་སློབ་གླིང་ཞིང་གསར་སློབ་གླིང་གི་ཁྱད་ལྡན་རིག་ཚན་དང་འཇོན་མི་གསོ་སྐྱོང་གི་དགེ་མཚན་གྱི་རོགས་འདེགས་ལ་བརྟེན་ནས། ཟི་ལིང་གྲོང་ཁྱེར་གྲོང་གསེབ་ཀྱི་འཇོན་མི་གསོ་སྐྱོང་ཐད་གསོན་ཤུགས་བསྣན་ནས། ཟི་ལིང་ས་ཁུལ་གྱི་ཞིང་ལས་ལག་རྩལ་ཞིབ་འཇུག་གསར་སྤེལ་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་ཚུན་སྒྱུར་ནུས་པ་དང་བྱང་ཚད་མཐོ་བའི་ཞིང་ལས་འཇོན་མིའི་གསོ་སྐྱོང་ཆུ་ཚད་ཇེ་མཐོར་བཏང་ནས། དེང་རབས་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་རེད།

རིག་འཛིན་སྒྲོལ་མས་བསྒྱུར།