ཟླ་མཆོད་དུས་ཆེན་གྱི་གུང་གསེང་སྐབས་སུ། མཚོ་སྔོན་གྱི་ས་ཆ་སོ་སོའི་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་མཁོ་འདོན་ཕུན་སུམ་ཚོགས་པ་དང་། རིག་གནས་དང་ཡུལ་སྐོར་ཚོང་ར་བརྟན་བརླིང་དང་ཚད་ལྡན། སྒྲིག་ལམ་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱས། ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་པ་མི་ཐེངས་འབུམ་དགུ་དང་སྟོང་དགུ་སྣེ་ལེན་བྱས་ནས། ཡུལ་སྐོར་སྤྱིའི་ཡོང་སྒོ་ཧ་ལམ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཉིས་ས་ཡ་བརྒྱད་ལ་སླེབས། དེའི་ཁྲོད། མཚོ་སྔོན་པོ་དང་ཁྲི་ཀ་རྒྱལ་ཁབ་ས་གཤིས་སྤྱི་གླིང་། ཚྭ་ཁ་ཚྭ་མཚོ། ཚྭ་འདམ་ཆེ་བ་བཅས་ནི་མིང་གྲགས་ཆེ་བའི་ལྗོངས་རྒྱུ་ཁུལ་ཡིན།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་མཆོད་དུས་ཆེན་གྱི་གུང་གསེང་སྐབས་སུ། རང་ས་ཆའི་ཡུལ་སྐོར་སྔར་བཞིན་དུ་གུང་གསེང་སྐབས་ཀྱི་གཙོ་གནད་དུ་གྱུར་ཡོད་པ་དང་། གཉེན་གྲོགས་ཐུག་འཕྲད་དང་ཕྱི་རོལ་སྤྲོ་གསེང་། གྲོང་འདབས་ཡུལ་སྐོར། གྲོང་གསེབ་ཡུལ་སྐོར་བཅས་ཡང་བསྐྱར་བགྲོད་སའི་གནས་གལ་ཆེན་དུ་གྱུར་ཡོད་ལ། ཁྱད་ལྡན་ཞིང་གྲོང་དང་དམངས་ཁྲོད་མགྲོན་ཁང་སོགས་གུང་གསེང་སྐབས་ཀྱི་ཡུལ་སྐོར་བའི་སྤྲོ་གསེང་བྱེད་ས་གཙོ་བོ་ཡིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ལྟ་སྐུལ་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་ལྗོངས་རྒྱུ་ཁུལ་གཙོ་བོ་དང་དམངས་ཁྲོད་སྡོད་ཁང་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། བསྡོམས་པས་ཁྲིམས་འཛིན་མི་སྣ་ཐེངས441མངག་སྟེ། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ཚོང་གཉེར་སྡེ་ཁག191ལ་ཞིབ་བཤེར་བྱས།
མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་དཔེ་མཛོད་ཁང་དང་རྟེན་མཛོད་གླིང་། རིག་གནས་ཁང་སོགས་རིག་གནས་རྟེན་མཛོད་ལས་ཁུངས་ཀྱིས་རྒྱུན་ལྡན་ངང་རིན་མ་བླངས་པར་སྒོ་ཕྱེས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་བསྡོམས་པས་རིགས་མི་འདྲ་བའི་དྲ་ཐོག་ཡུལ་དངོས་ཀྱི་རིག་གནས་བྱ་འགུལ་ཐེངས་བརྒྱ་ལྷག་སྤེལ་བ་དང་། ཡུལ་སྐོར་བ་དང་མང་ཚོགས་འབུམ་གཅིག་དང་ཁྲི་བདུན་སྟོང་གཉིས་བརྒྱད་བརྒྱར་ཕན་བཏགས།
ཞིང་ཆེན་དཔེ་མཛོད་ཁང་གིས་ཟླ་མཆོད་དུས་ཆེན་སྐབས་ཀྱི་གློག་བརྙན་འགྲེམ་སྟོང་བྱ་འགུལ་སྤེལ་ནས། ཀྲུང་གོའི་གཏམ་རྒྱུད་ལ་ལྟ་བའི་ལེའུ་གསར་བ་བྲིས། ཞིང་ཆེན་རིག་གནས་ཁང་གིས་ཁྱིམ་མཚེས་མཉམ་འདྲེས་ཀྱིས་ཟླ་མཆོད་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། མེས་རྒྱལ་ལ་གུས་བསྟོད་དང་འཁྲུངས་སྐར་བསུ་བའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་བརྗོད་དོན་རིག་རྩལ་འཁྲབ་སྟོན་བྱ་འགུལ་རྩ་འཛུགས་བྱས་ལ། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་རིག་གནས་ཁང་གིས་ཟླ་མཆོད་དུས་ཆེན་གྱི་བརྗོད་དོན་བྱ་འགུལ་བསྡུས་ནས། རིག་རྩལ་གྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་ཇེ་ཟབ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་། ཟི་ལིང་གྲོང་ཁྱེར་གྱིས་གཟིག་སྲང་ཟླ་མཆོད་སྐལ་བཟང་སྐོར་སྐྱོད་བྱ་འགུལ་དང་། སྟོང་སྐོར་གནའ་མཁར་གྱི་ནོར་འཚོལ་བྱ་འགུལ། པེ་ཁྲོན་གྱི་ཐང་གནའ་མཁར་སྐལ་བཟང་གློག་སྒྲ་འདར་འགྲིལ་རོལ་དབྱངས་འཁྲབ་སྟོན། ལིན་མིན་ཚོང་ལས་ཁྲོམ་སྲང་རྒྱ་ནག་གི་གྱོན་ཆས་རིག་གནས་འཁྲབ་སྟོན་སོགས་རིག་གནས་ཡུལ་སྐོར་བརྗོད་དོན་བྱ་འགུལ་ཐེངས་སུམ་ཅུ་ལྷག་སྤེལ་ནས། ཕུན་སུམ་ཚོགས་པའི་རིག་གནས་བྱ་འགུལ་གྱིས་དུས་ཆེན་གྱི་སྣང་ཚུལ་ལེགས་པོ་བསྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཐད་རིག་གནས་ཀྱི་ནང་དོན་ཁ་སྣོན་བྱས།
རིན་ཆེན་མཚོས་བསྒྱུར།