མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་གསུམ་བཏང་ནས་ཙོང་ཆུའི་བཞུར་རྒྱུད་ཀྱི་རི་ཆུ་ནགས་ཞིང་དང་མཆེའུ་རྩྭ་བྱེ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོ་བཟོ་སྐྲུན་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས།
2024.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཉེ་ལམ། ཞིང་ཆེན་ནོར་སྲིད་ཐིན་གྱིས2024ལོའི་སྐོར་ཐེངས་གསུམ་པའི་སྐྱེ་ཁམས་གཙོ་བོའི་སྲུང་སྐྱོབ་སླར་གསོ་དང་བཅོས་སྐྱོང་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་གསུམ་བཏང་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་འགོག་ར་ཁུལ་ཤར་རྒྱུད་ཀྱི་ཙོང་ཆུའི་བཞུར་རྒྱུད་ཀྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོ་བཟོ་སྐྲུན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།

རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོ་བཟོ་སྐྲུན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་བྱེད་ཐབས་དངོས་ཡིན་པ་དང་། དེའི་དམིགས་འབེན་ནི་སྤྱི་ཁོག་གི་སྲུང་སྐྱོབ་དང་མ་ལག་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་བརྒྱུད་དེ། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་གཏན་འཇགས་རང་བཞིན་ཇེ་མཐོར་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། བཟོ་སྐྲུན་དེར་ནོར་སྲིད་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ་བཅས་ཀྱིས་འགྲན་རྩོད་རང་བཞིན་གྱི་དཔྱད་འདེམས་ཀྱི་རྣམ་པ་བརྒྱུད་དེ་ལེགས་འདེམ་རྒྱབ་སྐྱོར་བྱས་པ་དང་། སྔོན་ཆད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བཟོ་སྐྲུན་དང་བསྡུར་ན་ལས་གཞི་ལག་བསྟར་གྱི་མཐུན་སྦྱོར་རང་བཞིན་དང་འབྲེལ་མཐུད་རང་བཞིན་སྔར་ལས་ནན་སྟོན་བྱས་ཡོད་ལ། སྤྱི་ཁོག་གི་སྲུང་སྐྱོབ་དང་མ་ལག་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་ལ་སྔར་ལས་དོ་སྣང་བྱས་ཡོད།

ཙོང་ཆུའི་རི་ཆུ་བཟོ་སྐྲུན་དེ་ཙོང་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་གཙོ་བོ་ཡིན་པའི་ཆ་ནས། བཟོ་སྐྲུན་འཛུགས་སྐྲུན་ཁུལ་དེ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་ཁུལ་བཅས་གྲོང་ཁྱེར་དང་ཁུལ་གསུམ་དང་རྫོང་དང་ཆུའུ་བཅུ་གཉིས་ལ་ཁེབས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་ཧ་ལམ་རྨིད་གྲུ་བཞི་མ་ཁྲི་གཅིག་དང་སྟོང་དྲུག་བརྒྱ་ཡོད། མིག་སྔའི་བར་དུ། ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་གྱིས་བསྡོམས་པས་ལས་གཞི་འཛུགས་སྐྲུན་ཁུལ་གྱི་ཡན་ལག་ལས་བཞི་ཞེ་དྲུག་ལ་རྒྱབ་སྐྱོར་བྱས་པ་དང་། དེ་ལོ་རྒྱུས་ཀྱི་ཤུལ་བཞག་གཏེར་རིའི་སྐྱེ་ཁམས་སླར་གསོ་དང་ཆུའི་ཁོར་ཡུག་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། ནགས་ལས་སྐྱེ་ཁམས་ཕྱོགས་བསྡུས་གསར་སྤེལ་འཛུགས་སྐྲུན། མི་སྡོད་ཁོར་ཡུག་ཕྱོགས་བསྡུས་མཐོར་འདེགས། བརླན་སའི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོབ། རྩྭ་སའི་གནོད་ལྡན་སྐྱེ་དངོས་ཚོད་འགོག་སོགས་ཕྱོགས་ནང་དུ་འདུ།

རྒྱུས་ལོན་བྱུང་བ་ལྟར་ན། 2023ལོའི་ཚུན་དུ། ཞིང་ཆེན་ནོར་སྲིད་ཐིན་གྱིས་བསྡོམས་པས་མ་དངུལ་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བཏང་ནས་ཙོང་ཆུའི་རི་ཆུ་བཟོ་སྐྲུན་ལག་བསྟར་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། ཁུལ་ཁོངས་ཀྱི་སྐྱེ་ཁམས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་བཏང་ལ། ཆུ་བསྐྱིལ་གསོག་ནུས་པ་སྲ་བརྟན་དང་མཐོར་འདེགས་བཏང་བ་དང་། ལས་གཞི་ལག་བསྟར་ཁུལ་ཁོངས་ཀྱི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་གཏན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་མཐོར་འདེགས་བཏང་།

རིན་ཆེན་མཚོས་བསྒྱུར།