ཟླ9པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁམས་གསོ་རོགས་སྐྱོབ་དང་དམིགས་བསལ་སློབ་གསོ། ཁེ་དབང་འགན་སྲུང་སོགས་བྱ་བའི་སྟེང་ཤུགས་བཏོན་པ་དང་བྱེད་ཐབས་བཟང་བོ་སྤྱད་དེ། ནར་མ་སོན་པའི་དབང་བོ་སྐྱོན་ཅན་གྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་བ་དང་། གྲུབ་འབྲས་མངོན་གསལ་བླངས།
ཁམས་གསོ་རོགས་སྐྱོབ་ཕྱོགས་ནས། དབང་བོ་སྐྱོན་ཅན་གྱི་བྱིས་པའི་ཁམས་གསོ་ཞབས་ཞུའི་གཏན་ཁེལ་ལས་ཁུངས་ཀྱི་དཔྱད་བསྡུར་གཏན་འབེབས་དང་དོ་དམ་བྱེད་ཐབས་བཟོ་བཅོས་བྱས་པ་དང་། ལས་ཁུངས་ཀྱི་རིམ་བགར་དཔྱད་བསྡུར་གཏན་འབེབས་ཚད་གཞི་དང་ཁམས་གསོ་ཡིག་ཚགས། ཁམས་གསོ་ཞབས་ཞུའི་གྲོས་མཐུན་གཏན་ཁེལ་གསལ་བོ་བྱས། དབང་བོ་སྐྱོན་ཅན་གྱི་བྱིས་པའི་ཁམས་གསོ་རོགས་སྐྱོབ་གཏན་ཁེལ་ལས་ཁུངས་ཡོད་སའི་ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་བཅས་ཀྱི་རིམ་བགར་དོ་དམ་ལ་སྐུལ་འདེད་བཏང་བ་དང་། དབང་བོ་སྐྱོན་ཅན་གྱི་བྱིས་པའི་ཁམས་གསོ་ཞབས་ཞུའི་གཏན་ཁེལ་ལས་ཁུངས་དོན་ལྔ་གཏན་ཁེལ་བྱས་ཏེ། རིམ་པ་བགར་ནས་ཁམས་གསོ་ཞབས་ཞུ་སྤེལ། ལོ་གསུམ་དང་དེའི་མན་གྱི་ཐོས་ཤུགས་སྨྲ་བརྗོད་དང་། རྐང་ལག རིག་གེགས། ཁེར་རྐྱང་ནད་སོགས་དབང་བོ་སྐྱོན་ཅན་གྱི་བྱིས་པའི་སྔོན་དུས་ཀྱི་ཐེ་གཏོགས་ཞབས་ཞུའི་ཚོད་ལྟ་བྱ་བ་རྒྱུན་མཐུད་ངང་སྤེལ། དབང་བོ་སྐྱོན་ཅན་གྱི་བྱིས་པའི་ཁམས་གསོ་རོགས་སྐྱོབ་ཚད་གཞི་དེ་གཏན་ཁེལ་བྱས་པའི་མི་རེར་སྒོར་ཁྲི་གཅིག་དང་སྟོང་གཉིས་ཀྱི་རིན་མེད་ཁམས་གསོ་སྦྱོང་བརྡར་ཟླ་དྲུག་ལ་བྱེད་པའི་རྨང་གཞིའི་སྟེང་། མི་རེར་སྒོར་ཁྲི་གཉིས་ཀྱི་རིན་མེད་ཁམས་གསོ་སྦྱོང་བརྡར་ཟླ་བཅུ་རིང་བྱེད་རྒྱུ་ཐག་བཅད་ལ། རོགས་སྐྱོབ་བྱེད་ཡུལ་དེ་གཏན་ཁེལ་བྱས་པའི་བཙས་མ་ཐག་ནས་ལོ་དྲུག་བར་བྱེད་པའི་རྨང་གཞིའི་སྟེང་། བཙས་མ་ཐག་ནས་ལོ་བདུན་བར་རོགས་སྐྱོབ་བྱེད་རྒྱུ་ཡིན་པ་ཐག་བཅད། མིག་སྔའི་བར་དུ། དབང་བོ་སྐྱོན་ཅན་གྱི་བྱིས་པ་སྟོང་གཉིས་དང་བརྒྱ་དང་གོ་གསུམ་ལ་ཁམས་གསོ་རོགས་སྐྱོབ་བྱས།
དམིགས་བསལ་སློབ་གསོའི་ཕྱོགས་ནས། སློབ་ཞུགས་མ་བྱས་པའི་ལོ་ཚོད་ལོན་པའི་དབང་བོ་སྐྱོན་ཅན་གྱི་བྱིས་པའི་བརྟག་བཤེར་ཐོ་འགོད་སྤེལ་བ་མ་ཟད། སློབ་གསོ་སྡེ་ཁག་དང་མཉམ་དུ་མི་གཅིག་ག་ཡིག་ཚགས་གཅིག་འཛུགས་པ་རྒྱུན་འཁྱོངས་བྱས་པ་དང་། དབང་བོ་སྐྱོན་ཅན་གྱི་སློབ་མའི་སློབ་གསོ་བཀོད་སྒྲིག་དང་། སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པ་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབས་ནས། ལོ་རན་དབང་བོ་སྐྱོན་ཅན་གྱི་བྱིས་པ་དང་ན་གཞོན་ལོ་ཆུང་གཅིག་ཀྱང་མ་ལུས་པར་སློབ་ཞུགས་བྱེད་ཐུབ་པར་ཁག་ཐེག་བྱས། ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོའི་ལོ་རན་པའི་དབང་བོ་སྐྱོནཅན་གྱི་བྱིས་པ་དང་ན་གཞོན་ལོ་ཆུང་གི་སློབ་ཞུགས་བྱེད་ཚད་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་ཐིག་བདུན་ལ་སླེབས། དེ་དང་མཉམ་དུ། སློབ་གསོ་སྡེ་ཁག་དང་གཞོགས་འདེགས་བྱས་ནས་དབང་བོ་སྐྱོན་ཅན་གྱི་སློབ་མ་མཐོ་རྒྱུགས་དང་རྐྱང་རྒྱུགས་རྐྱང་བསྡུ་ལ་ཞུགས་བའི་བྱ་བ་བཟང་བོར་བསྒྲུབས་པ་དང་། དགོས་མཁོ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་སློབ་མར་ལུགས་མཐུན་གྱི་སྟབས་བདེ་འདོན་སྤྲོད་བྱས་པས། མཐོ་རིམ་སློབ་གསོ་དང་ལེན་བྱེད་པའི་དབང་བོ་སྐྱོན་ཅན་གྱི་སློབ་མ་ལོ་རེ་བཞིན་ཇེ་མང་དུ་སོང་། འཚོ་བར་དཀའ་ཁག་ཡོད་པའི་སློབ་མའི་སློབ་གསོའི་རོགས་དངུལ་ལས་གཞི་ལག་བསྟར་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་དབང་བོ་སྐྱོན་ཅན་གྱི་སློབ་མ་དོན་གསུམ་ལ་རོགས་སྐྱོར་བྱས་པ་དང་། སློབ་རོགས་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ཁྲི་བརྒྱད་དང་སྟོང་གཉིས་བྱིན་ནས། དབང་བོ་སྐྱོན་ཅན་གྱི་སློབ་མས་སློབ་གཉེར་བྱེད་པར་རོགས་རམ་བྱས།
རིན་ཆེན་མཚོས་བསྒྱུར།