ཚེས22ཉིན། གསར་འགོད་པས་ཀྲུང་དབྱང་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་གཞུང་སྒྲུབ་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་དབྱང་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་གཞུང་སྒྲུབ་ཁང་གིས་ལྟ་ཞིབ་ཚན་ཆུང6མངག་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས6གི་ཁྲིམས་སྐྱོང་ཁྱབ་ཁོངས་བཅོས་སྒྱུར་གྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱས་པའི་གནས་ཚུལ་ལ། དུས་ཡུན་ཉིན7གྱི་ཡུལ་དངོས་ཀྱི་ཁྲིམས་སྐྱོང་ལྟ་ཞིབ་བྱས། དེ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ཚུན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྐྱོང་ལྟ་ཞིབ་ཐེངས་དང་པོ་ཡིན།
ཞིང་ཆེན་དང་རང་སྐྱོང་ལྗོངས6པོ་དེ་དག་ནི་ཨན་ཧུའེ་དང་། ཧུའུ་ནན། ཀོང་ཞི། སི་ཁྲོན། ཀན་སུའུ། ཉིང་ཞ་བཅས་ཡིན་པ་རེད། ལྟ་ཞིབ་ཚན་ཆུང་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་ད་ཡོད་ཀྱི་པུའུ་རིམ་པའི་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་པ་དང་། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་ལས་སྒོའི་རྐང་འཛིན་པ་དང་། ཆེད་མཁས་པ། དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་སོགས་ཞུགས་ཡོད།
ཐེངས་འདིའི་ལྟ་ཞིབ་ནང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་དང་། འགོ་ཁྲིད་ལས་བྱེད་པས“འགག་རྩའི་ཉུང་ཤས”ཀྱི་འགན་འཁྲི་འཁུར་བ། ཁྲིམས་སྐྱོང་འཛུགས་སྐྲུན་གྱི“འཆར་འགོད་གཅིག་དང་རྩ་གནད་གཉིས”དོན་འཁྱོལ་བྱས་ཚུལ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་ནས། ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། རིམ་པ་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་བསྒྲུབས་ནས་ཁྲིམས་བརྩི་དང་། ཁྲིམས་སློབ། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་དཔེ་བཟང་དུ་འགྱུར་བར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་ཁྱབ་ཁོངས་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཡོད།
ཏང་ཀྲུང་དབྱང་གི་ཕྱི་ཚུལ་རིང་ལུགས་ལ་བརྟེན་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དག་ཐེར་ལེགས་བཅོས་བྱེད་པའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་ལྟ་ཞིབ་བྱས་ཏེ། སྒྲིག་ཁྲིམས་སྣ་ཚོགས་ནན་མོར་སྲུང་བ་དང་བྱ་བའི་ཕན་འབྲས་དངོས་ཐོན་པར་བརྩོན་ལེན་བྱས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།