2024ལོའི་མཚོ་སྔོན་ཞིང་ཆེན་གྱི་གཙང་བོའི་འགོ་ཁུངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་དུས་རབས་ལག་ལེན་དྲིལ་སྒྲོག་བྱ་འགུལ་འགོ་བརྩམས།
2024.09.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

ཟླ9པའི་ཚེས28ཉིན། 2024ལོའི་མཚོ་སྔོན་ཞིང་ཆེན་གྱི་གཙང་བོའི་འགོ་ཁུངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་དུས་རབས་ལག་ལེན་དྲིལ་སྒྲོག་བྱ་འགུལ་འགོ་རྩོམ་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྤེལ་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་དུས་རབས་ལག་ལེན་བྱ་འགུལ་སྤེལ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས། སི་ཁྲོན་ཞིང་ཆེན་དང་ཉིང་ཞ་ཧོས་རིགས་རང་སྐྱོང་ལྗོངས། ཧེ་ལུང་ཅང་ཞིང་ཆེན་སོགས་སྤུན་ཟླའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཚོགས་ཞུགས་འཐུས་མིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་བྱ་བའི་ཐད་ནས་བརྗེ་རེས་གཏམ་བཤད་སྤེལ།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་དུས་རབས་ལག་ལེན་གྱིས་སྐྱེ་ཁམས་རྩ་འཛིན་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་མཁན་བྱེད་པ་བརྗོད་དོན་དུ་བཟུང་སྟེ། མཚོ་སྔོན་དམངས་ཆེན་བྱ་བའི་གསར་འགོད་པའི་བྱ་འགུལ་དང་དུས་མཉམ་དུ་སྤེལ། ཟླ9པའི་ཚེས28ཉིན་ནས་ཚེས29ཉིན་བར། ཚོགས་ཞུགས་ཀྱི་རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁ་ཤས་ཀྱི་འཐུས་མི་དང་གསར་འགྱུར་སྨྱན་བྱད་ཀྱི་གསར་འགོད་པ་སོགས་གུང་ཧོ་རྫོང་གི་ཅང་ཤེས་ཁུག་གྲོང་རྡལ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་ཁྲི་ཀ་རྫོང་རྨ་སྲིབ་བར་དུམ། མཚོ་ལྷོ་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་བཏུལ་ཐང་སོགས་ས་ཆ་རུ། ཡུལ་དངོས་ནས་ཆུ་ཁུངས་གལ་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་གནས་ཚུལ་དང་། འོད་ནུས་དང་བྱེ་བཅོས་ཀྱི་གནས་ཚུལ། བཞུར་རྒྱུད་ཆུང་བའི་ས་ཆུ་སྲུང་འཛིན་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་མ་ཟད། རྨ་ཆུའི་འགྲམ་རྒྱུད་དེད་ནས་བཅར་འདྲི་བྱ་རྒྱུ་རེད།

ཞིང་ཆེན་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་བཤད་རྒྱུར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱབ་སྐྱོར་འདོན་སྤྲོད་དང་ཆ་རྐྱེན་གང་ལེགས་བསྐྲུན་ཏེ། འབྲེལ་ཡོད་སྡེ་ཁག་དང་གསར་འགྱུར་སྨྱན་བྱད་དང་མཉམ་དུ་ཐེངས་འདིའི་བྱ་འགུལ་ཡག་པོར་བསྒྲུབ་རྒྱུ་ཡིན། འབྲེལ་ཡོད་སྡེ་ཁག་སོ་སོས་གཙང་བོའི་འགོ་ཁུངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་དུས་རབས་ལག་ལེན་བྱ་འགུལ་གྱི་དྲིལ་སྒྲོག་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ཏེ། དངོས་ཐོག་བདེན་འཚོལ་གྱིས་བྱ་བའི་འཕེལ་རིམ་དང་གྲུབ་འབྲས་གསལ་སྟོན་བྱེད་པར་རེ་བ་བྱས་ཡོད་ཅིང་། གསར་འགྱུར་སྨྱན་བྱད་ཀྱི་གསར་འགོད་པས་གཞི་རིམ་ནས་བཅར་འདྲི་གཏིང་ཟབ་བྱས་ཏེ། བསམ་ཕྱོགས་ཡོད་པ་དང་དྲོད་ཁོལ་ལྡན་པའི་སྤུས་ལེགས་བརྩམས་ཆོས་འབད་པས་འགྲེམ་སྤེལ་བྱས་ནས། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་འཆད་པ་དང་། དམངས་ཆེན་གྱི་གཏམ་རྒྱུད་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཏམ་རྒྱུད་ལེགས་པོར་འཆད་དགོས་ཤིང་།  དཔྱད་གླེང་ལྟ་སྐུལ་དང་། སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་སྔར་ལས་མང་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བར་དོ་སྣང་ཡོད་པར་ཤུགས་རྐྱེན་བཟང་པོ་འཇོག་དགོས་ཟེར།

ཞིན་ཧྭ་གསར་འགྱུར་དྲ་བ་དང་མི་དམངས་དྲ་བ། མཚོ་སྔོན་ཉིན་རེའི་ཚགས་པར། མཚོ་སྔོན་ཁྲིམས་ལུགས་ཚགས་པར་སོགས་གསར་འགྱུར་སྨྱན་བྱད་དགུའི་གསར་འགོད་པ་བྱ་འགུལ་ཁྲོད་ཞུགས་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།