གསར་འགོད་པས་ཉེ་ལམ་བསྡུས་པའི་རྒྱལ་ཡོངས་ཞིང་ལས་ཕྱོགས་བསྡུས་ཞབས་ཞུ་ཚོང་པའི་ཚོགས་ཆེན་སྐབས་བཞི་པ་དང་རྒྱལ་ཡོངས་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཚན་རྩལ་དངོས་མང་བཤམ་ཚོགས་སྐབས་བཅུ་པའི་སྟེང་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ལས་རིགས་ཁེ་ལས་ཀྱིས་ཧུར་ཐག་གིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་བྱས་པ་དང་། ཞིང་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་བསྟུན་པ། ཞབས་ཞུའི་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་བྱས་པས་སྣ་མང་ཅན་དང་། ཆེད་ལས་ཅན། ཞིབ་ཕྲ་ཅན་བཅས་ཀྱི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་ཅིག་ཆགས་བཞིན་ཡོད་པ་དང་། ཞིང་ལས་ཐོན་སྐྱེད་ནུས་པ་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད།
ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཁོངས་མི། ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་ཧིག་ཧྲོན་ལིས་ཀྱིས་ཚོགས་འདུའི་སྟེང་བསྟན་དོན། ཉེ་བའི་ལོ་འགའི་རིང་། མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས“ལྗང་མདོག་ཞིང་ལས་ཐོན་སྐྱེད”རིམ་སྤོར་འགུལ་སྐྱོད་སྤེལ་ཏེ། ཚན་རྩལ་གསར་སྐྲུན་དང་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཁྲོད་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁེ་ལས་ཀྱི་རྐང་འཛིན་ནུས་པ་འདོན་སྤེལ་བྱས། 2023ལོར་ཁོངས་གཏོགས་ཡོངས་ཀྱི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་གཞི་ཁྱོན་མུའུ་དུང་ཕྱུར་བདུན་དང་བྱེ་བ་གཉིས་ས་ཡ་བཞི་ཟིན་ནས། ཞིང་ལས་ཀྱི་མ་རྩ་གྲོན་ཆུང་དང་ཕན་འབྲས་ཆེ་རུ་གཏོང་བ། འབྲུ་རིགས་ཐོན་འབབ་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་ཆེད་ཧུར་ཐག་གིས་བྱས་རྗེས་བཞག་ཡོད་ཟེར།
ཁོས་བསྟན་དོན། མིག་སྔར། རང་རྒྱལ་གྱི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལས་འགན་སྔར་བཞིན་ལྕི་བ་དང་། མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་ཚན་རྩལ་ལ་བརྟེན་ནས་ཞིང་ལས་སྟོབས་ལྡན་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱས་ཏེ་ཚན་རྩལ་གསར་སྐྲུན་ལ་བརྟེན་ནས་ཞིང་ལས་དེང་རབས་ཅན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ་དང་། ཞབས་ཞུར་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། དེང་རབས་ཀྱི་ཞབས་ཞུའི་མ་ལག་འཛུགས་པ། ཞིང་ལས་ཀྱི་མ་རྩ་གྲོན་ཆུང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་པར་སྔར་ལས་ལེགས་པའི་སྒོ་ནས་ཐོན་འཕར་འབབ་འཕར་ཡོང་རྒྱུར་རོགས་རམ་བྱེད་དགོས། མཉམ་འབྲེལ་སྒོས་ཞིང་པར་རོགས་རམ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞིང་པར་རོགས་རམ་བྱེད་པའི་སྤྱི་ཡོངས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་དགོས།
ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་དང་སྲིང་རས་ཅུའུ་ཡི་ཅུའུ་ཀྲང་། ཀྲུང་གོ་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་འཁོར་རྒྱུག་མཐུན་ཚོགས་ཀྱི་ཚོགས་གཙོ་ལུང་ཝུན་གྱིས་བཤད་རྒྱུར། ཞིང་ལས་རྒྱུ་ཆའི་ལས་རིགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་བྱ་བ་ཡག་པོར་སྒྲུབ་པའི་ཆོད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། ཞིང་ལས་རྒྱུ་ཆའི་དྲ་རྒྱའི་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་ཏེ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “ལྗང་མདོག་ཞིང་ལས་རྒྱུ་ཆའི”རིམ་སྤོར་འགུལ་སྐྱོད་ལག་བསྟར་ཡག་པོ་བྱས་ནས་འབྲེལ་ཐག་ཧྲིལ་པོའི་ཞབས་ཞུའི་མ་ལག་རིམ་བཞིན་འཛུགས་དགོས། མ་འོངས་པར། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུས་ཞིང་བ་ཁྱིམ་ཚང་དང་དེང་རབས་ཞིང་ལས་སྦྲེལ་མཐུད་ནུས་ལྡན་བྱེད་རྒྱུར་སྐུལ་ཁྲིད་བྱས་ནས། ཞིང་ལས་ཚོང་གཉེར་ཆེད་ལས་ཅན་དང་། ཚད་ལྡན་ཅན། ལེགས་བསྡུས་ཞིབ་གཉེར་ཅན། ལྗང་མདོག་ཅན། ཟོང་རྟགས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།
ཤ་བོ་རིན་མཚོས་བསྒྱུར།