མཚོ་སྔོན་ཞིང་ཆེན་གྱིས་སྒོར་ཐེར་འབུམ་གཅིག་ཙམ་བཏང་ནས་བརླན་ས་ཉམས་ཞན་དུ་འགྱུར་བར་གཅིག་གྱུར་སྒོས་ཉམས་གསོ་བྱས།
2024.10.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཉེ་ལམ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་ཤེས་གསལ་ལྟར་ན། མཚོ་སྔོན་གྱིས་མུ་མཐུད་ནས་ཀྲུང་དབྱང་ནོར་སྲིད་ཀྱི་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་དངུལ་སྒོར་ཐེར་འབུམ་གཅིག་ཙམ་བཏང་ནས། གཙོ་བོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་ས་ཁུལ་གསུམ་དུ་རྩྭ་ཐང་ཉམས་ཞན་དུ་འགྱུར་བར་གཅིག་གྱུར་སྒོས་ཉམས་གསོ་དང་། བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོབ་ཀྱི་སྐྱིན་གསབ་སྤྲོད་པ་སོགས་ལས་གཞི་ལག་བསྟར་བྱས།

མཚོ་སྔོན་གྱི་བྱང་གསུམ་ལས་གཞིའི་དུས་རིམ་དྲུག་པའི་འཛུགས་སྐྲུན་ཁུལ་ནི་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཁུལ་དང་གྲོང་ཁྱེར་དྲུག་གི་རྫོང་སོ་གཅིག་ཡིན་ལ། རྒྱལ་ཁོངས་རྒྱ་ཁྱོན་གྱི་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་ཁྲི་ལྔ་སྟོང་དྲུག་ཉིས་བརྒྱ་ཟིན་ཡོད། 1978ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱིས་ཁྱོད་བསྡོམས་མ་དངུལ་སྣ་ཚོགས་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་གཅིག་བྱེ་བ་གསུམ་འབུམ་གཅིག་བཏང་སྟེ། མུ་མཐུད་ནས་བྱང་གསུམ་གྱི་ནགས་ཚལ་མ་ལག་འགོག་སྲུང་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། རིམ་རྩིས་བྱས་ན་མིས་བཟོས་ནགས་ཀྱི་རྒྱ་ཁྱོན་སྤྱི་ཆིང་འབུམ་དགུ་དང་ཁྲི་བདུན་སྟོང་དྲུག་ལྔ་བརྒྱ་དང་། རི་བཀག་ནགས་གསོའི་རྒྱ་ཁྱོན་སྤྱི་ཆིང་ས་ཡ་གཅིག་དང་ཁྲི་བདུན་སྟོང་བརྒྱད་ཟིན་ཡོད།

ལས་གཞི་ལག་བསྟར་བྱས་པ་དང་བསྟུན་ནས། བཟོ་སྐྲུན་ཁུལ་གྱི་ས་ཁུལ་ཉམས་ཞན་དུ་འགྱུར་བར་ཁྱོན་ཡོངས་ནས་བཀག་སྡོམ་དང་།  ས་ཆུ་ཤོར་ཚུལ་ནུས་ལྡན་ཚོད་འཛིན་བྱས་པ་ལས། ས་ཁུལ་སོ་སོའི་སྐྱེ་ཁམས་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད།

བྱང་གསུམ་ལས་གཞི་ཁུལ་གྱི་གནས་ཐིག་ཟུང་འབྲེལ་སྐྱེ་ཁམས་འགོག་སྲུང་གི་དྲ་བ་བཙུགས་ཏེ། བྱང་གསུམ་གྱི་ལས་གཞིའི་ཁུལ་གྱི་ཆུ་འགོག་གསོ་སྐྱོང་དང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་སྤུས་ཚད་བརྟན་པོའི་ངང་མཐོར་འདེགས་བྱེད་རྒྱུ་དང་། ཚྭ་འདམ་གཞོངས་སའི་དཔལ་འབྱོར་འཕེལ་རྒྱས་དང་བྱེ་འགོག་བྱེ་བཅོས་ཀྱི་འགལ་བའི་རྣམ་པ་ལེགས་བཅོས་བྱེད་པ། གུང་ཧོའི་གཤོང་ས་བྱེ་མར་འགྱུར་བའི་གནོད་འཚེ་ཕན་ནུས་ལྡན་པའི་སྒོ་ནས་ཆེ་ཆུང་དུ་གཏོང་བའི་ལས་གཞི་ལག་བསྟར་བྱས་ཏེ། མཚོ་སྔོན་པོ་མཐའ་བསྐོར་གྱི་བཅོས་སྐྱོང་ཕན་འབྲས་སྲ་བརྟན་དུ་བཏང་།