མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་དུ་མཉམ་འབྲེལ་ཁྲིམས་བསྟར་བྱས་ནས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱས།
2024.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་ཆར། ཞིང་ཆེན་སྤྱི་བདེ་ཐིན་གྱི་ནགས་ཚལ་ཉེན་རྟོག་སྤྱིའི་རུ་ཁག་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་སྡེ་ཁག་མང་པོར་མཉམ་འབྲེལ་བྱས་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་དང་དེའི་མཐའ་འཁོར་གྱི་ཁུལ་ཁོངས་སུ་གཞི་ཁྱོན་ཆེ་བའི་མཉམ་འབྲེལ་ཁྲིམས་བསྟར་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ། ཐེངས་འདིའི་འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་རིགས་སོ་སོའི་མི་མངོན་པའི་ཉེན་ཁ་དོགས་ཟོན་དང་སེལ་ཐབས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ནུས་པ་ཇེ་ཆེར་བཏང་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་བདེ་འཇགས་ལ་ཁག་ཐེག་བྱེད་པ་དེ་ཡིན།

མཉམ་འབྲེལ་ཁྲིམས་བསྟར་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་ཡུལ་དངོས་ཞིབ་བཤེར་དང་རྒྱུ་ཆ་འཚོལ་ཀློག སྙན་ཞུར་ཉན་པ། བཞུགས་མོལ་བརྗེ་རེས་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ། ཆུ་གློག་ས་ཚིགས་ཀྱི་ཆུ་བེད་སྤྱོད་དང་། གཏེར་ལས་ཁུལ་གྱི་སྐྱེ་ཁམས་སླར་གསོ། ཀན་སུའུ་དང་མཚོ་སྔོན་གྱི་མཉམ་སྤྱོད་ས་ཁུལ་གྱི་ཕྱུགས་འགོག་དང་ཕྱུགས་འཚོ་མཚམས་འཇོག་པ་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས། དེ་དང་མཉམ་དུ། གླིང་ཁུལ་གྱི་ཁྲིམས་བསྟར་བྱ་བ་སྤེལ་བའི་གནས་ཚུལ་དང་ཁུལ་ཁོངས་ལས་བརྒལ་ནས་མཉམ་འབྲེལ་ཁྲིམས་བསྟར་བྱས་པར་ཞིབ་བཤེར་དང་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད། དེའི་ཁྲོད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་ཞིབ་ཕྲའི་བླང་བྱ་བཏོན་ནས་དུས་བཅད་བྱས།


ཐེངས་འདིའི་འགུལ་སྐྱོད་ཀྱིས་ཕན་འབྲས་མངོན་གསལ་བླངས་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་ལྟ་སྐུལ་དོ་དམ་ཤུགས་ཚད་ཇེ་ཆེར་བཏང་ལ། སྲིད་འཛིན་དང་ཁྲིམས་འཛིན་སྡེ་ཁག་གི་མཉམ་ལས་མཉམ་འགུལ་ལ་སྐུལ་འདེད་བཏང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་བསྟན་དོན། ཐེངས་འདིའི་མཉམ་འབྲེལ་ཁྲིམས་བསྟར་གོ་སྐབས་སུ་བརྩིས་ཏེ། སྲིད་འཛིན་གཙོ་གཉེར་སྡེ་ཁག་བར་གྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། མཉམ་འབྲེལ་ཁྲིམས་བསྟར་གྱི་སྐོར་བཤེར་ནུས་པ་ཇེ་ཆེར་བཏང་ནས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས། 

གོ་རིམ་རྗེས་མར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་བདེ་འཇགས་འཛུགས་སྐྲུན་གྱི་བྱ་བ་གཙོ་བོ་དང་ཆེད་དོན་འགུལ་སྐྱོད་ཟུང་འབྲེལ་དམ་ཟབ་བྱས་ནས། ལྟ་སྐུལ་དོ་དམ་གྱི་རྡུང་རྡེག་སྟོབས་ཤུགས་ཆགས་པར་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་སྒྲིག་སྲོལ་བརྟན་བརླིང་ཡོང་བར་སྲུང་སྐྱོབ་ལེགས་པོ་བྱེད་དགོས། དེ་དང་མཉམ་དུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་ཡིས་སྐྱེ་ཁམས་ཉེན་སྲུང་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་སྲུང་བྱེད་པར་སྤྱི་བདེའི་སྟོབས་ཤུགས་འབུལ་དགོས། 

ལྷ་མོ་འཚོས་བསྒྱུར།