རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་གྱིས་རྒྱལ་སྤྱིའི་བརྒྱུད་སྒྲོག་གི་འཕེལ་ཕྱོགས་གསར་བར་མཉམ་དུ་གྲོས་མོལ་བྱས།
2024.10.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

ཟླ10པའི་ཚེས10ཉིན། ཀྲུང་གོ་གསར་འགྱུར་འགྲེམ་སྤེལ་སྨྱན་བྱད་སྡེ་ཚོགས་དང་སི་ཁྲོན་ཉིན་རེའི་ཚགས་པར་ཁང་གཉིས་ཀྱིས་ཧྥུའུ་ཏན་སློབ་ཆེན་གྱི་གསར་འགྱུར་སློབ་གླིང་དང་། ཆིན་ཧྭ་སློབ་ཆེན་གྱི་གསར་འགྱུར་དང་བརྒྱུད་སྒྲོག་སློབ་གླིང་ལ་མཉམ་འབྲེལ་བྱས་ནས་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་གྱི་རྒྱལ་སྤྱིའི་བརྒྱུད་སྒྲོག་ལས་སྒོའི་བགྲོ་གླེང་ཚོགས་འདུ་ཁྲིན་ཏུའུ་རུ་བསྡུས། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་དམིགས་ཡུལ་ནི་རྒྱལ་སྤྱིའི་བརྒྱུད་སྒྲོག་ལས་སྒོའི་འཕེལ་ཕྱོགས་གསར་བ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྐོར་ལ་བགྲོ་གླེང་བྱས་ནས། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་གྱིས་རྒྱལ་སྤྱིའི་གར་སྟེགས་སྟེང་གསར་གཏོད་ཀྱི་ཐོད་བརྒལ་འབྱུང་བ་དང་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།

བརྗོད་དོན་གཏམ་བཤད་གོ་རིམ་ཁྲོད། ཅང་ཞིའི་ཉིན་རེའི་ཚགས་པར་དང་། སི་ཁྲོན་ཉིན་རེའི་ཚགས་པར། ཧེ་ལུང་ཅང་ཉིན་རེའི་ཚགས་པར། ཧེ་ནན་ཉིན་རེའི་ཚགས་པར། ཀན་སུའུ་ཉིན་རེའི་ཚགས་པར་སོགས་ཚགས་པར་ལས་སྒོའི་སྡེ་ཚོགས་ཀྱི་འགན་ཁུར་མི་སྣས་ཟུར་མི་འདྲ་བ་དང་མཐོང་སྣེ་མི་འདྲ་བ་ནས་རྒྱལ་སྤྱིའི་བརྒྱུད་སྒྲོག་ལས་སྒོའི་ད་ལྟའི་གནས་བབ་དང་མ་འོངས་པའི་འཕེལ་རྒྱས་ལ་དབྱེ་ཞིབ་བྱས། ཀྲུང་གོའི་གསར་འགྱུར་རིག་གནས་སྐུལ་སྤེལ་མཐུན་ཚོགས་ཀྱི་འགོ་གཙོ་གཞོན་པ། འོད་ཟེར་ཉིན་རེའི་ཚགས་པར་ཁང་གི་སྤྱིའི་རྩོམ་སྒྲིག་པ་གཞོན་པ་ཟུར་པ་ལུའུ་ཞན་ཀའོ་ཡིས་བལྟས་ན། ཞིང་ཆེན་རིམ་པའི་སྨྱན་བྱད་ཀྱིས་རང་ངོས་ཀྱི་ཁྱད་ཆོས་ལ་རྐང་བཙུགས་ནས། བར་ཁྱད་ཅན་གྱི་རྒྱལ་སྤྱིའི་བརྒྱུད་སྒྲོག་ནང་དོན་བསྐྲུན་པ་དང་། ཀྲུང་གོའི་གཏམ་རྒྱུད་ཡང་དག་སྒོས་བཤད་པར་མ་ཟད་གཏམ་རྒྱུད་དེ་དག་གིས་གོ་ལ་ཧྲིལ་བོའི་ཁྱབ་ཁོངས་སུ་རིག་གནས་མཉམ་སྒྲོག་དང་ཐུན་མོང་ངོས་འཛིན་འབྱུང་བར་ཁག་ཐེག་བྱེད་དགོས་པར་འདོད། བཞུགས་མོལ་བརྗེ་རེས་བྱེད་སྐབས། བཅིངས་འགྲོལ་ཉིན་རེའི་ཚགས་པར·ཧྲང་ཀོན་གསར་འགྱུར། ནུབ་རྒྱུད་རྒྱལ་སྤྱིའི་བརྒྱུད་སྒྲོག་ལྟེ་གནས། ཀྲེ་ཅང་ཞིང་ཆེན་རྒྱལ་སྤྱིའི་བརྒྱུད་སྒྲོག་ལྟེ་གནས། ཀོང་ཞི་ཉིན་རེའི་ཚགས་པར་ཁང་། ཧི་པེ་ཉིན་རེའི་ཚགས་པར་རྒྱལ་སྤྱིའི་བརྒྱུད་སྒྲོག་ལྟེ་གནས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་གོ་ལ་ཅན་དང་ལག་རྩལ་འཕེལ་རྒྱས་འགྲོ་བའི་ཤུགས་རྐྱེན་འོག ཞིང་ཆེན་རིམ་པའི་ཏང་གི་ཚགས་པར་སོ་སོའི་རྒྱལ་སྤྱིའི་བརྒྱུད་སྒྲོག་ལས་སྒོས་ས་ཁོངས་ཀྱི་ཁྱད་ཆོས་ཇི་ལྟར་དར་སྤེལ་བྱེད་ཚུལ་ངོ་སྤྲོད་བྱས།


ལྷ་མོ་འཚོས་བསྒྱུར།