ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན་ནི་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་དོན་ལྔ་འཁོར་བའི་དྲན་གསོའི་ཉིན་མོ་ཡིན་པ་དང། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་ལོ་ཆུང་ལས་དོན་ཨུ་ཡོན་ལྷན་ཁང་གིས་ས་གནས་སོ་སོ་རྩ་འཛུགས་བྱས་ཏེ“སྐེ་དཀྲིས་དམར་པོ་ལོ་ཆུང་སློབ་མ་མེས་རྒྱལ་ལ་དགའ་བ”ཞེས་པའི་བརྗོད་དོན་གཙོ་བོའི་བྱ་འགུལ་སྤེལ།
ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་རྣམས་ཀྱིས་གཏམ་རྒྱུད་ལ་ཉན་པ་དང་ལག་ལེན་སྤེལ་བ་སོགས་སློབ་ཁྲིད་ཁྲོད་ནས་ལོ་རྒྱུས་ལ་སློབ་སྦྱོང་དང་གྲུབ་འབྲས་ལ་མྱོང་རོལ་བྱས། ཡུན་ནན་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་རྣམས་ཀྱིས་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་དམ་བཅའི་རྡོ་རིང་མདུན་དུ། མི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་སེམས་པ་ཏང་ལ་ཕྱོགས་པ་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་གཏམ་རྒྱུད་ལ་སློབ་སྦྱོང་དང་རྒྱས་ལོན་བྱས་པ་དང་། སི་ཁྲོན་ནན་ཁྲུང་གྲོང་ཁྱེར་ཅ་ལིན་ཆུས་ཀྲི་ཅང་སློབ་ཆུང་དུ་ལོ་ཆུང་གདོང་ལེན་རུ་མི་ཚོས《རྒྱ་ཡིག་གི་རྩ་བ་འཚོལ་བ》དང་།《ཨ་མྱེས་ལགས་ཀྱི་རས་ལྷམ་རྙིང་པ》སོགས་གསོན་ཉམས་ལྡན་པའི་གཏམ་རྒྱུད་བཤད་དེ། ད་ལྟའི་དུས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་མྱོང་རོལ་བྱས་པ། ཐེན་ཅིན་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་རྣམས་ཀྱིས་ལོ་གསར་གྱི་རི་མོ་དང་འདམ་བཟོས་མིའི་ཚོན་མདོག་གི་བརྐོས་བརྙན་སོགས་བརྒྱུད་ནས་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ལ་རྒྱུས་ལོན་བྱས།
རུ་མི་གསར་པ་སྐོར་ཞིག་གིས་དྲན་གསོའི་ཉིན་མོར་ལོ་ཆུང་གདོང་ལེན་རུ་ཁག་གི་གླུ་དབྱངས་བླངས་པ་དང་དམ་བཅའ་བཞག་ནས་གཟི་བརྗིད་ལྡན་པའི་ངང་ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས། བོད་ལྗོངས་ལྷ་ས་གྲོང་ཁྱེར་སློབ་ཆུང་གཉིས་པའི་ཐུན་མོང་གིས་རུ་ཁག་ནང་ཞུགས་པའི་མཛད་སྒོའི་སྟེང་། རུ་མི་གསར་བ480ལྷག་ཙམ་གྱིས་བཀྲག་མདངས་འཚེར་བའི་སྐེ་དཀྲིས་དམར་པོ་བཏགས་ནས《གཞོན་ནུའི་ཕུགས་འདུན》ཞེས་པའི་གླུ་སྒྲའི་ཁྲོད་གཟི་བརྗིད་ལྡན་པའི་དུས་འདི་སེམས་ལ་དམ་པོར་ངེས། རུ་མི་གསར་པ་སྐོར་ཞིག་རུ་ཁག་ནང་ཞུགས་པའི་མཛད་སྒོ་དེ་ཞིན་ཅང་གི་དམག་སྒར་ཞིག་ཏུ་འཚོགས་ཤིང་། རུ་མི་རྣམས་ཀྱིས་མཐའ་སྲུང་གི་གཏམ་རྒྱུད་ལ་ཉན་པ་དང་ཉིན་རྒྱུན་གྱི་སྦྱོང་བརྡར་ལ་ལྟ་སྦྱོང་བྱེད་པའི་ཁྲོད། མཐའ་མཚམས་སྲུང་བའི་དཔོན་དམག་ཚོས་མཐའ་མཚམས་སུ་རྐང་ཚུགས་ནས། ལྷག་བསམ་རྣམ་དག་གིས་མཐའ་མཚམས་སྲུང་བའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་སློབ་སྦྱོང་བྱས། ཨན་ཧུའེ་དང་ཧུའུ་པེ་སོགས་ས་གནས་སུ་སློབ་གྲྭ་མང་པོ་ཞིག་པོའི་ལོ་ཆུང་གདོང་ལེན་རུ་ཁག་གི་འབུད་རྡུང་རུ་ཁག་གིས་གདོང་ལེན་རུ་ཁག་ཏུ་ ཞུགས་པའི་མཛད་སྒོ་སྟེངཁོ་ཚོའི་ཉམས་འགྱུར་མངོན་པར་བྱས།
ས་གནས་སོ་སོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས་སྣ་མང་ཕུན་སུམ་ཚོགས་པའི་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོའི་ཁྲོད། གསར་བརྗེའི་གཏམ་རྒྱུད་ལ་རྗེས་དྲན་དང་དུས་རབས་འཕེལ་རྒྱས་ལ་མྱོང་རོལ་བྱས། ཅང་ཞིས་ནན་ཁྲང་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་རྣམས་ཀྱིས“སྐེ་རས་དམར་པོའི་རླངས་འཁོར”དུ་བསྡད་དེ་གསར་བརྗེའི་རྗེས་ཤུལ་འཚོལ་བ་དང་གྲོང་ཁྱེར་གྱི་འཕོ་འགྱུར་ལ་ལྟ་བ་བཅས་བྱས། ཀུའེ་ཀྲོའུ་རུ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས། གསར་བརྗེའི་གར་སྟེགས་ཟློས་གར་ལ་ལྟ་བ་དང་། ཏང་དང་ཚོགས་པ། རུ་ཁག་བཅས་ཀྱི་གཅིག་རྒྱུན་གཅིག་འཛིན་གྱི་གསར་བརྗེའི་ཁྲག་རྒྱུན་མྱོང་རོལ་བཅས་བྱས། ཅང་སུའུ་རུ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས་ཤེས་རིག་གི་་ཞིང་རར་བསྐྱོད་དེ། ཞིང་ལས་ཚན་རྩལ་གྱི་གྲུབ་འབྲས་གསར་པར་ལྟ་སྐོར་དང་གྲོང་གསེབ་དར་སྤེལ་གྱི་རྣམ་པར་མྱོང་ཚོར་བྱས། ཧེ་ལུང་ཅང་དང་ཁྲུང་ཆིང་སོགས་ས་གནས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས་མཉམ་དུ་སྨི་བརྒྱའི་རི་མོ་བྲིས་ནས་མེས་རྒྱལ་གྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རི་ཀླུང་མཚོན་པར་བྱས།།
འབྲུག་མོས་བསྒྱུར།