ཟླ10ཚེས17ཉིན། 2024ལོའི་རྒྱལ་ཡོངས་ཟས་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་ཡི་བརྗོད་དོན་ཉིན་མོའི་མུ་འབྲེལ་བྱ་འགུལ་ཟི་ལིང་དུ་སྤེལ། ཐེངས་འདིའི་བྱ་འགུལ་གྱི་བརྗོད་དོན་ནི་ལྷག་བསམ་དག་པས་མཉམ་བཅོས་བྱས་ཏེ་ནང་འདྲེན་ཟས་རིགས་ཀྱི་བདེ་འཇགས་བརྟན་སྲུང་བྱེད་ཅེས་པ་དེ་རེད། བྱ་འགུལ་གྱི་ཡུལ་དངོས་སུ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་མང་པོས་ཕྱིར་གཏོང་ནང་འདྲེན་གྱི་ཟས་རིགས་བདེ་འཇགས་སྤྱི་ཚོགས་ཡོངས་ཀྱིས་མཉམ་བཅོས་བྱ་བར་སྐུལ་འདེད་གཏོང་བ་སོགས་ཁྲིད་གཞིར་བཟུང་ནས་ཡུལ་དངོས་བགྲོ་གླེང་བྱས་ཤིང་། འབྲེལ་ཡོད་ཟས་རིགས་ལས་དོན་མཐུན་ཚོགས་ཀྱི་འཐུས་མིས་ཟས་རིགས་བདེ་འཇགས་ལ་དོ་སྣང་བྱེད་པའི་གྲོས་གཞི་བཏོན། མཚོ་སྔོན་སློབ་ཆེན་དུ་ཕྱིར་གཏོང་ནང་འདྲེན་གྱི་ཟས་རིགས་བདེ་འཇགས་ལས་དོན་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ། ཟི་ལིང་ཚའོ་ཅཱ་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཟས་རིགས་བདེ་འཇགས་འགག་སྒོར་བསྐྱོད་པའི་བྱ་འགུལ་སྤེལ།
2024ལོའི་རྒྱལ་ཡོངས་ཟས་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་སྤེལ་བའི་ཚུན་དུ། རྒྱལ་ཡོངས་ཀྱི་སྒོ་ཁྲལ་ལས་ཁུངས་ཀྱིས་བྱ་འགུལ་གྱི་བརྗོད་དོན་ལ་དམིགས་ཏེ། སྲོལ་རྒྱུན་སྨྱན་བྱད་དང་སྨྱན་བྱད་གསར་པའི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཤིང་། ཚན་རིག་རྒྱུན་ཤེས་ཀློག་དེབ་དཔར་ནས་བཀྲམ་པ་དང་བརྡ་ཁྱབ་སྦྱོར་བ་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད། ཕྱོགས་སོ་སོ་ནས་འགག་སྒོའི་ལས་ཁུངས་ཀྱིས་ཕྱིར་གཏོང་ནང་འདྲེན་གྱི་ཟས་རིགས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཐད་ཀྱི་བྱེད་ཐབས་དང་གྲུབ་འབྲས་འགྲེམ་སྟོན་བྱས་ལ། ཚན་རིག་རྒྱུན་ཤེས་དྲིལ་སྒྲོག་དང་ཆེད་མཁས་པས་འཆད་ཁྲིད་སོགས་ཀྱི་བརྗེ་རེས་མཉམ་གླེང་གི་བྱ་འགུལ་གཅིག་སྡུས་ཀྱིས་སྤེལ་ཏེ། རྒྱ་ཆེའི་འཛད་སྤྱོད་པར་ཕྱིར་གཏོང་ནང་འདྲེན་གྱི་ཟས་རིགས་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ། ཟས་རིགས་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏིང་ཟབ་བཏང་བར་མ་ཟད། སྤྱི་ཚོགས་ལས་རིགས་སོ་སོའི་ནང་འདྲེན་ཟས་རིགས་ཀྱི་བདེ་འཇགས་དང་འགག་སྒོའི་ཟས་རིགས་བདེ་འཇགས་ལྟ་སྐུལ་བྱ་བའི་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས། ཕྱིར་གཏོང་ནང་འདྲེན་གྱི་ཟས་རིགས་བདེ་འཇགས་སྤྱི་ཚོགས་ཡོངས་ཀྱིས་མཉམ་བཅོས་བྱེད་པའི་རྣམ་པ་སྔར་ལས་ལེགས་པོ་ཞིག་བསྐྲུན།
ཟས་རིགས་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་ཅིང་། ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་རེད། སྒོ་ཁྲལ་དེ་རྒྱལ་ཁབ་ཕྱིར་གཏོང་ནང་འདྲེན་གྱི་ཟས་རིགས་དང་གྲུ་ཁའི་ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་སྡེ་ཁག་ཡིན་པའི་ཆ་ནས། ཟས་རིགས་བདེ་འཇགས་ཐད་ཀྱི་ཆེས་ནན་མོ་བཞིའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་དགོས་ཤིང་། ཕྱིར་གཏོང་ནང་འདྲེན་གྱི་ཟས་རིགས་བདེ་འཇགས་མུ་འབྲེལ་ཧྲིལ་བོའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་སྤྱིའི་ཕན་ནུས་འབད་པ་ཆེན་པོས་ཇེ་མཐོར་གཏོང་དགོས། ད་ལོའི་ཟླ་དགུ་པའི་བར། འགོ་ཁུངས་དོ་དམ་ཚོད་འཛིན་ལས་དོན་ནན་མོར་བསྒྲུབས་ཏེ། རྒྱལ་ཁབ་དང་ས་ཁུལ་ང་གཉིས་ཀྱི་ཟས་རིགས་ཕལ་བ་དང་ཟས་སྤྱོད་ཞིང་ཞོར་ཐོན་རྫས་རིགས་དོན་དགུ་ཞུགས་འཐུས་ལེགས་འགྲུབ་བྱུང་ཞིང་། གསར་དུ་བསྣན་པའི་ཀྲུང་གོ་ནས་ཐོ་འགོད་བྱས་པའི་ཁེ་ལས་བདུན་སྟོང་སུམ་བརྒྱ་བཅུ་གསུམ་ལ་བུད་ཡོད་ཅིང་། དེའི་ཁྲོད་དགུ་བརྒྱ་སུམ་ཅུ་ཐོ་གསུབ་དང་གྱ་གཅིག་ཕྱིར་འཐེན་བྱས་ལ། ཁེ་ལས་སྟོང་གཅིག་ཉིས་བརྒྱ་ཞེ་གཅིག་གི་ཁེ་ལས་ཐོ་འགོད་འཇོན་ཡོན་མཚམས་འཇོག་ཏུ་བཅུག རྗེས་མཐུད་ཞིབ་བཤེར་བྱ་བར་ཤུགས་བསྣན་ཏེ། ཞིབ་བཤེས་ཐག་གཅོད་ཀྱི་སྲིད་འཛིན་ཆད་གཅོད་གྱོད་གཞི་ཉིས་སྟོང་ཉིས་བརྒྱ་ཉེར་དྲུག་ཡོད་ཅིང་ཟོང་དངོས་རིན་འབོར་སྒོར་བྱེ་བ་གཉིས་ས་ཡ་དགུ་འབུམ་བཞི་དང་སྟོང་དགུ་རེད། གྱོད་ཐོ་བཀོད་ནས་མྱུར་སྒྲུབ་བྱས་པའི་ཁྲལ་འདུས་ཟས་རིགས་ལྐོག་འདྲེན་གྱོད་གཞི་དྲུག་བརྒྱ་བཅོ་ལྔ་ཡོད་ཅིང་། གྱོད་འབོར་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་གཅིག་བྱེ་བ་བཞི་ལ་སླེབས་ཡོད། ཚད་ལོངས་མིན་པའི་ཟས་རིགས་ནང་འདྲེན་རྒྱུ་ལམ་བརྟན་འགོག་བྱས་ནས་རྒྱལ་ཁབ་འགག་སྒོའི་ཟས་རིགས་བདེ་འཇགས་འགོག་ར་ཇེ་དམ་དུ་བཏང་།
རིག་འཛིན་སྒྲོལ་མས་བསྒྱུར།