ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་འགྲུལ་སྐྱེལ་ལམ་ཐིག11བཟོས་པ་དེས་ལོ་འཁོར་གྱི་དམིགས་འབེན་ལས་འགན་ཚད་བརྒལ་ངང་ཡོངས་འགྲུབ་བྱས་པ་དང་། གཏན་འབེབས་བྱས་པའི་འགྲུལ་སྐྱེལ་ལམ་ཐིག47ཟིན་ནས་མི་དམངས་མང་ཚོགས་སྟབས་བདེའི་ཕྱིར་སྐྱོད་ཀྱི་ཞབས་ཞུའི་དྲ་བ་ཞིག་རིམ་བཞིན་ཆགས་ཡོད། ཟླ་དང་པོ་ནས་དགུ་པའི་བར། འགྲུལ་སྐྱེལ་སྒྲིག་སྲོལ་གཏན་འཁེལ་གྱིས་མི་དམངས་མང་ཚོགས་མི་ཐེངས་འབུམ་གཉིས་དང་ཁྲི་བདུན་ལྷག་ཕྱིར་སྐྱོད་ལ་ཞབས་འདེགས་ཞུས་པ་དང་། འགྲུལ་པར་སྤ་སེ་ཕྱིར་ཚོང་བྱེད་ཚད་སྒོར་ས་ཡ་བདུན་དང་འབུམ་བརྒྱད་ཁྲི་གསུམ་ཟིན་ཡོད།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་པ་ལྟར་ན། མང་ཚོགས་ཕྱིར་སྐྱོད་བྱེད་ཚད་སྔར་ལས་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས། སྲོལ་རྒྱུན་གཞུང་ལམ་གྱི་འགྲུལ་སྐྱེལ་ལམ་ཐིག་འཕེལ་རྒྱས་འགྲན་སློང་གསར་པར་འཕྲད་ཡོད། བགྲོད་ལམ་འགྲུལ་སྐྱེལ་ལས་རིགས་ཀྱི་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་གཏན་འཁེལ་འགྲུལ་སྐྱེལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་བླངས་ཡོད།
ཞིང་ཆེན་ཡོངས་ཀྱི་བགྲོད་ལམ་འགྲུལ་སྐྱེལ་གསར་གཏོད་འཕེལ་རྒྱས་དང་གཏན་འཁེལ་འགྲུལ་སྐྱེལ་ཁྱབ་གདལ་བེད་སྤྱོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ཚོགས་འདུའི་ཚབ་ཏུ་གསོ་སྦྱོང་བྱེད་པ་དང་། གྱོད་དཔེ་སློབ་སྦྱོང་དང་སྲིད་ཇུས་གསལ་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་གསོ་སྦྱོང་བྱས་ཏེ། ས་གནས་སོ་སོའི་ལས་རིགས་གཙོ་གཉེར་སྡེ་ཁག་གིས་གཏན་འཁེལ་འགྲུལ་སྐྱེལ་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད་ཁ་ཕྱོགས་ཀྱི་མཛུབ་ཁྲིད་འདོན་སྤྲོད་བྱས། མིག་སྔར། ཞིང་ཆེན་ཡོངས་སུ་འགྲུལ་སྐྱེལ་ལམ་ཐིག་རིགས་དང་པོ་དང་། གཉིས་པ། གསུམ་པ། བཞི་པ་བཅས་ཚང་མར་ཁྱབ་ཡོད། སྒྲིག་སྲོལ་གཏན་འཁེལ་གྱི་འགྲུལ་སྐྱེལ་ཁྱབ་གདལ་བྱ་བར་ཕན་འབྲས་དངོས་ཐོན་རྒྱུར་ཁག་ཐེག་བྱ་ཆེད། “ཡུལ་བབ་དང་བསྟུན་པ་དང་གཙོ་གནད་ཚད་བརྒལ་བྱེད་པའི”བྱེད་ཐབས་སྤྱད་ནས། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲུལ་སྐྱེལ་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། དེ་དང་ཆབས་ཅིག ཞིང་ཆེན་རིམ་པའི་གཏན་འཁེལ་ལམ་ལུགས་ཀྱི་འགྲུལ་སྐྱེལ་དོ་དམ་ལས་སྟེགས་གྲབས་འཛུགས་ཧུར་ཐག་བྱས་ནས། ལས་རིགས་ཆ་འཕྲིན་ཅན་གྱི་དོ་དམ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད།
ཤ་བོ་རིན་མཚོས་བསྒྱུར།