ཟླ10པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་གནས་ཚུལ་བསྒྲགས་པ་ལྟར་ན། མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱིས་སྨན་སྤྱོད་པའི་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་ཆེད། ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་མི་རིགས་ས་ཁུལ་གྱི་སྨན་རྫས་སྤུས་ཀ་ཚད་གཞི་ཅན་གྱི་མ་ལག་འཐུས་ཚང་འཛུགས་པ་དང་། མི་རིགས་ས་ཁུལ་གྱི་སྨན་རྫས་བརྒྱུད་རིམ་ཧྲིལ་བོའི་ལྟ་སྐུལ་དོ་དམ་ནུས་པར་ཤུགས་སྣོན་པ། སྡེ་ཁག་གི་སྟོབས་ཤུགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མི་རིགས་སྨན་རྫས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་དང་། མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱིས་སྨན་སྤྱོད་པའི་བདེ་འཇགས་ལ་འགན་སྲུང་བྱས།
མཚོ་སྔོན་ཞིང་ཆེན་གྱི་ས་གནས་སྨན་རྫས་ཀྱི་ཚད་གཞི་བཟོ་བཅོས་རྒྱག་པའི་བྱ་བའི་གོ་རིམ་ཞེས་པ་གཏན་འབེབས་བཟོས་ནས་བཏོན་པ་དང་། བོད་སྨན་རྒྱུ་ཆ་རིགས་རེ་བདུན་དང་སྤུས་ཀའི་ཚད་གཞི་རིགས་བརྒྱ་དང་བཞི་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་རྒྱུ་ཆའི་ཚད་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་ལས་སྣོན་ཚད་གཞི་འགྲེམ་སྤེལ་བྱས་ལ། སྨན་བཅོས་ལས་ཁུངས་ཀྱིས་བོད་སྨན་རྒྱུ་ཆ་རིགས་བཞི་བརྒྱ་བཅོ་ལྔ་དང་སོག་སྨན་རྒྱུ་ཆ་རིགས་བཞི་བརྒྱ་དང་བཞི་འདུལ་སྦྱོང་བྱེད་པའི་ཕྱོགས་སྟོན་ལ་ཞིབ་འཇུག་ཁུངས་གཏུག་དང་རྩོམ་སྒྲིག་བྱས། ཞིང་ཆེན་གྱི་ཚན་རིག་ལག་རྩལ་གྱི་ལས་གཞི་གལ་ཆེན་ལ་བརྟེན་ནས། རིན་པོ་ཆེའི་རིགས་ཀྱི་བོད་སྨན་རྒྱུ་ཆུའི་འབྱུང་ཁུངས་དང་། འདུལ་སྦྱོང་ལག་རྩལ། སྤུས་ཀའི་ཚད་གཞི་བཅས་ལ་ཞིབ་འཇུག་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་རྒྱུ་ཆ་དང་སྤུས་ཀའི་ཚད་གཞི། འདུལ་སྦྱོང་ཚད་གཞི་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་ཤིང་། བོད་ལུགས་གསོ་རིག་རྒྱུད་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དངོས་ཡོད་དོན་སྙིང་ལྡན།
ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་སོགས་སྡེ་ཁག་མང་པོར་མཉམ་འབྲེལ་བྱས་ནས་བོད་འབྲེལ་ས་ཁུལ་གྱི་སྨན་རྫས་ལས་སྣོན་མིང་བྱང་དང་ལག་རྩལ་ཆེད་སྤྱོད་མིང་བརྡའི་བོད་མིང་ལོ་ཙཱའི་ལག་རྩལ་ལག་དེབ་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ལས་སྣོན་སྤྱི་སྤྱོད་མིང་བརྡ་ལོ་ཙཱའི་མཛུབ་སྟོན་རྩ་དོན་བཏོན་ནས། ལོ་ཙཱའི་ཚད་གཞི་གཅིག་གྱུར་བྱས་ཤིང་། སྨན་རྫས་ལས་སྣོན་མིང་བརྡ་ཚད་ལྡན་བཟོས། ཞིང་ཆེན་ནགས་རྩྭ་ཅུས་སོགས་སྡེ་ཁག་མང་པོས་མཚོ་སྔོན་ཞིང་ཆེན་གྱི་སླད་མེད་ཀྲུང་ལུགས་བོད་ལུགས་སྨན་རྫས་གཏན་འཁེལ་བྱས་ནས་ཁྱབ་བསྒྲགས་བྱས་པ་དང་། སླད་མེད་སྨན་རྫས་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་བྱེད་པར་འགན་སྲུང་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་སླད་མེད་སྨན་རྫས་ཐོ་ཡིག་འགྲེམ་སྤེལ་བྱས། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་ལས་སྣོན་ལྟ་སྐུལ་དོ་དམ་ལག་དེབ་དང་། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་ལས་སྣོན་ཕྱོགས་བསྒྲིགས་དེབ་དང་པོ་དང་གཉིས་པ་རྩོམ་འབྲི་ལེགས་འགྲུབ་བྱུང་བ་དང་། གཞི་རིམ་གྱིས་ལྟ་སྐུལ་དོ་དམ་བྱེད་པར་ལག་དེབ་འདོན་སྤྲོད་བྱས་ཏེ། གཞི་རིམ་གྱི་ལྟ་སྐུལ་དོ་དམ་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་།
ལྷ་མོ་འཚོས་བསྒྱུར།