མར་སྟེང་ཆུ་གློག་ས་ཚིགས་ཀྱིས་བསྟུད་མར་མཚམས་ཚིགས་ལས་འགན་གལ་ཆེན་གཉིས་ལེགས་འགྲུབ་བྱས།
2024.10.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

 ཟླ10ཚེས17ཉིན།   མར་སྟེང་ཆུ་གློག་ས་ཚིགས་ཀྱིས་འཕྲུལ་གློག་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་ཐད་གྲུབ་འབྲས་གལ་ཆེན་བླངས། འཕྲུལ་ཚན་གཉིས་པའི་ཀླད་ཁེབས་དང་ཆུ་འཁོར་གྱི་འཁོར་མདའ་གཅིག་རྗེས་གཉིས་མཐུད་ངང་དཔྱང་འདེགས་ལྷུ་སྒྲིག་བདེ་བླག་བྱུང་བ་དེས་ཆུ་གློག་ས་ཚིགས་ཀྱིས་ད་ལོའི་ལོ་མཇུག་ཏུ“ལོ་གཅིག་གི་མ་འཇོག་ལྔའི”དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་གོམ་པ་བརྟན་པོ་སྤོས་པ་མཚོན་ཡོད།

ཀླད་ཁེབས་དཔྱང་འདེགས་ལྷུ་སྒྲིག་བྱེད་པའི་ཁྲོད་དུ།  མར་སྟེང་ཀུང་སིས་ཆེད་ལས་མི་སྣ་རྩ་འཛུགས་བྱས་ནས།  ཀླད་ཁེབས་ཚོད་འཛིན་བྱེད་པའི་མཐོ་ཚད་དང་ལྟེ་གནས་སོགས་ཀྱི་གཞི་གྲངས་གཙོ་བོ་ཚོད་འཛིན་ནན་མོ་བྱས་པ་དང་།  དེ་དང་མཉམ་དུ་དུས་སྐབས་སྔོན་མའི་ཀླད་ཁེབས་དཔྱང་འདེགས་ལྷུ་སྒྲིག་གི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། དཔྱང་འདེགས་ལྷུ་སྒྲིག་གི་ཇུས་གཞི་ཇེ་ལེགས་དང་འཐུས་ཚང་དུ་བཏང་ནས། འཕྲུལ་ཚན་གཉིས་པའི་ཀླད་ཁེབས་རྒྱག་ཐེངས་གཅིག་ལ་གནས་ཐོག་ཏུ་འཁེལ་བར་འགན་ལེན་བྱས། ཀླད་ཁེབས་ནི་ཆུ་འཁོར་འཕྲུལ་འཁོར་གྱི་ནང་དུ་འདེགས་སྐྱོར་དང་རྒྱུན་བརྒལ་གྱི་ནུས་པ་ཉིས་ལྡན་གྱི་ལྷུ་ལག་གཙོ་བོ་ཡིན་ཞིང་།  གཙོ་བོ་ཆུ་འདྲེན་འཁོར་རྟེན་དང་འཁོར་མདའ་གཙོ་བོའི་ཁ་སྦྱོར། སྒོར་སྟེམ་སྒོ་དང་བཀོལ་སྤྱོད་སྒྲིག་གཞི་བཅས་ལ་འདེགས་སྐྱོར་བྱེད་པར་བཀོལ་བ་ཡིན།  དེའི་དྲག་ཚད་དང་ཡིད་རྟོན་རང་བཞིན་བཅས་ཀྱིས་ཚད་ངེས་ཅན་ཞིག་གི་སྟེང་ནས་འཕྲུལ་ཚན་ཡོངས་ཀྱི་འཁོར་སྐྱོད་བདེ་འཇགས་དང་བརྟན་བརླིང་རང་བཞིན་གྱི་ནུས་པར་ཤུགས་རྐྱེན་ཐེབས་བཞིན་ཡོད། དེ་དང་ཆབས་ཅིག   འཕྲུལ་ཚན་གཉིས་པའི་ཆུ་ཤུགས་འཕྲུལ་འཁོར་གྱི་འཁོར་མདའ་ཡང་བདེ་བླག་ངང་རང་གནས་སུ་འབྱོར་ཐུབ་པ་རེད།   ཆུ་འཁོར་འདིའི་ཕྱིའི་ཚངས་ཐིག་ལ་སྨི2.6ཡོད་པ་དང་། མཐོ་ཚད་ལ་སྨི6.1ཡོད། དཔྱང་འདེགས་ལྷུ་སྒྲིག་གི་སྤྱིའི་ལྗིད་ཚད་ལ་ཏུན96ཡོད། དེས་ཆུ་ནུས་དེ་འཕྲུལ་ཆས་ནུས་པར་བསྒྱུར་བའི་གོ་རིམ་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད། དཔྱང་འདེགས་འཕྲུལ་འཁོར་དང་འདེགས་ཆས་སོགས་སྒྲིག་ཆས་ཀྱི་བདེ་འཇགས་ནུས་པར་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་དང་དུས་མཚུངས་སུ།  ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ཏེ་མཐུད་སྦྲེལ་གཅུས་གཟེར་གྱི་ཕྱི་ངོས་ཀྱི་ཚེར་མ་དང་བཙའ་ཆགས་སོགས་དངོས་པོ་གཙང་སེལ་བྱས་ནས། དཔྱང་འདེགས་འཕྲུལ་འཁོར་གྱི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།

མར་སྟེང་ཆུ་གློག་ས་ཚིགས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་དུ་ཡོད་པ་དང་།  ཆ་སྙོམས་མཚོ་འཕང་ལ་སྨི་3300ཡོད།  ཆུ་གློག་ས་ཚིགས་སུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ས་ཡ་གཉིས་དང་འབུམ་གསུམ་ཁྲི་གཉིས་ཟིན། ཚོད་དཔག་བྱས་པ་ལྟར་ན་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་འཕྲུལ་ཚན་ཡོངས་ནས་གློག་གཏོང་འགོ་རྩོམ་རྒྱུ་རེད། ཆུ་གློག་ས་ཚིགས་དེས་གློག་གཏོང་འགོ་ཚུགས་རྗེས་ཆ་སྙོམས་ལོ་རེར་གློག་གཏོང་ཚད་ཆན་ཝ་ཐེར་འབུམ་བདུན་དང་དུང་ཕྱུར་གསུམ་ལྷག་ཟིན་ཐུབ་པ་དང་།  དེས་ཁྱིམ་ཚང་མང་པོ་ཞིག་གིས་གློག་བཀོལ་སྤྱོད་བྱེད་པའི་དགོས་མཁོ་བསྐང་ནས་རྡོ་སོལ་ཏུན་ས་ཡ་གཉིས་དང་འབུམ་གཉིས་ཙམ་གྲོན་ཆུང་བྱེད་ཐུབ་པ་དང་།  དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་ཏུན་ས་ཡ་བརྒྱད་དང་འབུམ་གཅིག་ཁྲི་དྲུག་ཙམ་ཇེ་ཉུང་དུ་ཕྱིན་ནས། མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གསར་པའི་གཞི་ཁྱོན་ཅན་གྱི་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་།  རྨ་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་པར་འདེགས་སྐྱོར་ནུས་ལྡན་བྱེད་ཐུབ་རྒྱུ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།