མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཁྱབ་བཤེར་གྱི་གྲུབ་འབྲས་འགྲེམ་སྟོན་ཟི་ལིང་དུ་སྤེལ་འགོ་བརྩམས།
2024.10.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ10པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ས་གཤིས་བརྟག་དཔྱད་གླིང་དང་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་གིས་འགན་ཁུར་ནས་བསྒྲུབས་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཁྱབ་བཤེར་གྱི་གྲུབ་འབྲས་འགྲེམ་སྟོན་དེ་ཞིང་ཆེན་དཔེ་མཛོད་ཁང་དུ་བསྡུ་འགོ་བརྩམས། འགྲེམ་པང་དང་དངོས་རྫས། ཡུལ་དངོས་འགྲེམ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ། ཕྱོགས་ཡོངས་དང་ཆ་ཚང་བའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཁྱབ་བཤེར་གྱི་གྲུབ་འབྲས་འགྲེམ་སྟོན་བྱས་པ་དང་། འགྲེམ་སྟོན་དེ་ཟླ11པའི་ཚེས18ཉིན་བར་དུ་སྤེལ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཁྱབ་བཤེར་གྱི་གྲུབ་འབྲས་འགྲེམ་སྟོན་དེ་སྔོན་འགྲོ་དང་བྱ་བའི་གནས་ཚུལ། གྲུབ་འབྲས་འགྲེམ་སྟོན། གྲུབ་འབྲས་ཚུལ་སྒྱུར། བརྗེ་རེས་མྱོང་ཚོར་བཅས་གྲུབ་ཆ་ལྔས་གྲུབ་ཡོད། སྔོན་འགྲོའི་ནང་གཙོ་བོར་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཁྱབ་བཤེར་གྱི་རྒྱབ་ལྗོངས་དང་བྱ་བའི་ལས་འགན། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་བཅས་ངོ་སྤྲོད་བྱས་པ་དང་།  བྱ་བའི་གནས་ཚུལ་ཐད་ནས་ཡིག་རིས་གཉིས་འཛོམས་ཀྱི་རྣམ་པ་བརྒྱུད་དེ། གཙོ་བོར་ཁྱབ་བཤེར་དུས་རིམ་གྱི་བྱ་བ་གཙོ་བོ་འགྲེམ་སྟོན་བྱས་པ་དང་། དེའི་ནང་སྔོན་དུས་ཀྱི་གྲ་སྒྲིག་དང་ཕྱོགས་ཡོངས་ཁྱབ་བཤེར། གྲུབ་འབྲས་སྒྲིག་བཟོ་སོགས་ཀྱི་ནང་དོན་འདུ། གྲུབ་འབྲས་འགྲེམ་སྟོན་ཐད་ནས་གཙོ་བོར་ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པ། རྫོང་རིམ་པའི་ཁྱབ་བཤེར་གྲུབ་འབྲས་འགྲེམ་སྟོན་བྱས།

རྒྱུས་ལོན་བྱས་པ་ལྟར་ན། དུས་ཡུན་ལོ་ལྔའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཁྱབ་བཤེར་དེ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་ཡོངས་སུ་ཁྱབ་ལ། དེའི་ནང་གྲོང་ཁྱེར་གཉིས་དང་ཁུལ་དྲུག རྫོང་ཞེ་ལྔ། བསྡོམས་པས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་བཅས་ས་གནས་ཁྲི་གཅིག་དང་སྟོང་དྲུག་བརྒྱ་དང་གོ་གསུམ་ལ་ཞིབ་བཤེར་བྱས། ཁྱབ་བཤེར་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་གསལ་བོ་བྱས་ཏེ། རིམ་པ་སོ་སོའི་རིག་གནས་ཡུལ་སྐོར་འཆར་འགོད་སྒྲིག་བཟོ་བྱེད་པའི་ཐད་ཚན་རིག་གི་གཞི་འཛིན་ས་འདོན་སྤྲོད་བྱས།

རིན་ཆེན་མཚོས་བསྒྱུར།