ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཁྲིམས་རིག་ཚོགས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་སློབ་གླིང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཁྲིམས་རིག་ཞིབ་འཇུག་ཁང་དང་མཚོ་སྔོན་ཤེས་བྱའི་ཐོན་དབང་སློབ་གླིང་གིས་རོགས་སྒྲུབ་བྱས་པའི་མདོ་དབུས་མཐོ་སྒང་གི་ཁྲིམས་སྐྱོང་གླེང་སྟེགས་སྐབས་བདུན་པ་དང་ཀྲུང་གོའི་ལུགས་ཀྱི་ཁྲིམས་སྐྱོང་དེང་རབས་ཅན་གྱི་རྒྱབ་ལྗོངས་འོག་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྡུས།
རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་གླེང་སྟེགས་ཀྱིས་ཀྲུང་གོའི་ལུགས་ཀྱི་ཁྲིམས་སྐྱོང་དེང་རབས་ཅན་གྱི་རྒྱབ་ལྗོངས་འོག་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་དོན་དུ་བྱས་པ་དང་། སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བའི་མཐོང་རྒྱའི་འོག་གི་སྤྱི་ཚོགས་བཅོས་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་སྐྱོང་འགན་སྲུང་། མི་རིགས་མང་པའི་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་འགན་སྲུང་། དེང་རབས་ཅན་གྱི་མདོ་དབུས་མཐོ་སྒང་གི་ཁྱད་ལྡན་གནས་སྐོར་འཕེལ་རྒྱས་དང་ཁྲིམས་སྐྱོང་འགན་སྲུང་སོགས་ཀྱི་བརྗོད་གཞི་ལ་དམིགས་ནས་བགྲོ་གླེང་བྱས། ཡན་ལག་གླེང་སྟེགས་ཁྲོད། མཐོ་རིམ་སློབ་གྲྭ་ཉི་ཤུ་ལྷག་གི་ཆེད་མཁས་པ་དང་རིག་གནས་པ། བཅའ་ཁྲིམས་བྱ་བ་སྒྲུབ་མཁན་ཚོས་གྲོས་ཚོགས་ཀྱི་བརྗོད་དོན་ལ་དམིགས་ནས་བརྗེ་རེས་དང་བགྲོ་གླེང་ཟབ་མོ་བྱས། སྐབས་འདིའི་གླེང་སྟེགས་ནི་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་གི་རྣམ་པ་སྤྱད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་མཚོན་བྱེད་གཙོ་བོ་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་བྱ་སྤྱོད་དངོས་ཡིན། རིག་གནས་པ་ཚོས་རིག་གཞུང་གི་རྨང་གཞི་དང་གསལ་རྟོགས་ནུས་པ་མཐོན་པོས་མདུན་ལྟ་རང་བཞིན་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་ལྟ་བ་དང་བསམ་ཚུལ་མང་པོ་བཏོན་པ་དང་། བསམ་བློ་བརྗེ་རེས་དང་བློ་གྲོས་མཉམ་འདྲེས་ཀྱི་རིག་གཞུང་གི་གསོལ་སྟོན་ཆེན་པོ་ཞིག་བཤམས། མདོ་དབུས་མཐོ་སྒང་གི་ཁྲིམས་སྐྱོང་གླེང་སྟེགས་དེ་རིག་གཞུང་བརྗེ་རེས་སྤེལ་བ་དང་། ལྟ་བ་ཡང་དག་གཅིག་ཏུ་བསྡུ་བའི་ལྕགས་ཟམ་དང་འདྲེན་བྱེད་ཡིན་པའི་ཆ་ནས། ཁྲིམས་རིག་པའི་གཞུང་ལུགས་གསར་གཏོད་དང་ཁྲིམས་སྐྱོང་ལག་ལེན་གསར་གཏོད། བཅའ་ཁྲིམས་ལམ་ལུགས་གསར་གཏོད། ཁྲིམས་སྐྱོང་རིག་གནས་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་མདོ་དབུས་མཐོ་སྒང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་འགན་སྲུང་བྱེད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་འགན་སྲུང་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།