མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་རང་བྱུང་སློབ་གསོ་པེ་ཅིང་དུ་བསྐྱོད་པའི་བྱ་འགུལ་སྤེལ།
2024.10.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 7

ཟླ10པའི་ཚེས21ཉིན། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཚོགས་དང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་བཅས་ཀྱིས་པེ་ཅིང་གྲོང་ཁྱེར་མཁར་ཤར་ཆུས་ཧྥའོ་ཞའེ་སྲང་ལམ་སློབ་ཆུང་དུ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་རང་བྱུང་སློབ་གསོ་པེ་ཅིང་དུ་བསྐྱོད་པའི་བྱ་འགུལ་སྤེལ།

བྱ་འགུལ་གྱི་ཉིན་དེར། གཙོ་སྒྲུབ་ལས་ཁུངས་ཀྱིས་པེ་ཅིང་གྲོང་ཁྱེར་མཁར་ཤར་ཆུས་ཧྥའོ་ཞའེ་སྲང་ལམ་སློབ་ཆུང་དང་། པེ་ཅིང་གྲོང་ཁྱེར་གྱི་ཚོད་ལྟའི་སློབ་ཆུང་གཉིས་པ། པེ་ཅིང་ཧོས་ཝུན་སློབ་འབྲིང་བཅས་ལ་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སློབ་གྲྭའི་མིང་བྱང་གནང་བར་མ་ཟད། དེ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྒྱུ་རྩལ་འགྲེམ་སྟོན་སྤེལ་བ་དང་། སྐྱེ་ཁམས་པར་རིས་དང་ཙག་དྲུབས་བརྩམས་ཆོས་བརྒྱུད་དེ། ཡུལ་དངོས་ཀྱི་དགེ་སློབ་རྣམས་ཀྱིས་མཚོ་སྔོན་གྱི་རང་བྱུང་སྐྱེ་ཁམས་ཀྱི་མཛེས་པ་དང་མཚོ་སྔོན་གྱི་ས་ཁུལ་སོ་སོའི་རིག་གནས་ཀྱི་ཁྱད་ཆོས་ཉམས་སུ་མྱངས། བྱ་འགུལ་སྐབས་སུ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཞིན་ཀྲི་སློབ་ཆུང་གི་རིམ་པ་དང་པོའི་དགེ་རྒན་ཧྥུན་ཧྲའོ་ཧྥེང་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་གན་རྒྱ་བཞག་པའི་དབུ་བཞུགས་བརྙན་ལེན་པ་ཀྲང་ཅིན་ཡོན་གཉིས་གདན་ཞུ་བྱས་ཏེ། རང་བྱུང་སློབ་གསོའི་འཆད་ཁྲིད་ཆེན་མོའི་སྟེང་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཡིད་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བཤད།

པེ་ཅིང་གྲོང་ཁྱེར་མཁར་ཤར་ཆུས་ཧྥའོ་ཞའེ་སྲང་ལམ་སློབ་ཆུང་གི་ཏང་ཨུའི་ཧྲུའུ་ཅི། སློབ་གཙོ་ཐིན་ཡཱ་ཅེ་ཡིས་བཤད་རྒྱུར། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཡིན་པས། སྐྱེ་ཁམས་ཀྱི་བང་མཛོད་ཅེས་འབོད་ལ། རང་རྒྱལ་ནུབ་རྒྱུད་ཀྱི་འོད་ལམ་ལམ་དུ་འཚེར་བའི་མུ་ཏིག་ལྟ་བུ་ཡིན། མུ་མཐུད་དུ་བརྗེ་རེས་མཉམ་ལས་གཏིང་ཟབ་སྤེལ་ནས། དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཧྥའོ་ཞའེ་ཡི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བར་རེ་སྒུག་བྱེད་ཀྱིན་ཡོད་ཟེར།

མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཡཱན་ཐིང་ཆང་གིས་ངོ་སྤྲོད་བྱས་རྒྱུར། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་རང་བྱུང་སློབ་གསོ་པེ་ཅིང་ལ་བསྐྱོད་པ་ནི་ཤར་ནུབ་རྒྱུད་མཉམ་ལས་གཏིང་ཟབ་སྤེལ་བ་དང་། སློབ་གསོ་དང་སྐྱེ་ཁམས་གཉིས་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་སྟེ། དམངས་ཡོངས་ཀྱིས་རྒྱལ་ཁབ་སྤྱི་གླིང་མཉམ་བསྐྲུན་མཉམ་སྤྱོད་བྱེད་པའི་ནུས་ལྡན་གྱི་བྱེད་ཐབས་ཞིག་ཡིན། པེ་ཅིང་དང་མཚོ་སྔོན་གྱིས་ས་ཁུལ་གཉིས་ཀྱི་དགེ་མཚན་ཕན་ཚུན་གསབ་རེས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ས་ཁུལ་གཉིས་ཀྱི་ན་གཞོན་ལོ་ཆུང་རྣམས་ལ་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་ཐང་བཅས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་ལེགས་པོར་བཤད་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལྟ་བ་བརྒྱུད་སྒྲོག་ལེགས་པོ་བྱེད་དགོས་ཟེར།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་རྒྱལ་ཁབ་སྤྱི་གླིང་རང་བྱུང་སྲུང་སྐྱོབ་ཁུལ་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཀའོ་ཅིན་ཧྥང་གིས་བསྟན་དོན། རང་བྱུང་སློབ་གསོ་ནི་མིག་སྔར་ང་ཚོའི་མདུན་དུ་ལྷགས་པའི་བརྗོད་གཞི་གལ་ཆེན་ཞིག་ཡིན་པས། ལས་རིགས་སོ་སོའི་སློབ་གསོ་དང་ཚན་རིག་ཤེས་བྱ་ཁྱབ་གདལ་གདལ་གཏོང་བའི་ལས་བྱེད་པ་རྣམས་ལ་བྱ་བ་འདི་ལེགས་པོར་བསྒྲུབ་པའི་འགན་འཁྲི་དང་འོས་འགན་ཡོད། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་རང་བྱུང་སློབ་གསོ་པེ་ཅིང་དུ་བསྐྱོད་པའི་སྐོར་ཐེངས་དང་པོའི་སྐྱེ་ཁམས་སློབ་གྲྭའི་མིང་བྱང་བཀལ་བ་དེ་ནི་སློབ་གྲྭས་སྐྱེ་ཁམས་དཔལ་ཡོན་སློབ་གསོ་རྒྱ་བསྐྱེད་པའི་འཚོལ་ཞིབ་ལེགས་འགྲུབ་བྱུང་བ་ཞིག་རེད། ང་ཚོས་སྔར་བཞིན་སློབ་གྲྭའི་རང་བྱུང་སློབ་གསོའི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་དང་སློབ་རིམ་སོ་སོའི་སློབ་གྲྭའི་བརྗེ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་ནས། ཀྲུང་གོའི་རང་བྱུང་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་བ་མཉམ་དུ་འབྲི་རྒྱུ་ཡིན་ཟེར།

ལྷ་མོ་འཚོས་བསྒྱུར།