ཉེ་བའི་ལོ་འགའི་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འདེམས་སྒུག་ཁུལ་གྱི་མཚོ་སྔོན་ས་ཁུལ་གྱི་བྱ་བ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱ་བ་ལྟེ་བར་བཟུང་སྟེ། མཚོ་བྱང་གིས་རང་བྱུང་སྲུང་སྐྱོང་ས་ཁུལ་སྣ་ཚོགས་གཙོ་བོར་བྱེད་པའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ཀྱི་ལས་ཀར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། སྒྲིག་སྲོལ་དང་ལམ་སྲོལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རང་བྱུང་སློབ་གསོ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བླངས།
མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་ལ་བརྟེན་ནས་མཚོ་བྱང་ཁུལ་ཀྱིས་མིག་སྔར་དོ་དམ་སྲུང་སྐྱོང་ལྟེ་གནས་བདུན་དང་དོ་དམ་སྲུང་སྐྱོང་ས་ཚིགས་ཉེར་དགུ་བསྐྲུན་ཡོད། 2020ལོར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་ལྟ་ཞིབ་ཚད་ལེན་ས་ཚིགས་བསྐྲུན་པ་དང་། 2021ལོར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་གཞི་གྲངས་ཆེན་མོའི་ལྟེ་གནས་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་དང་། 2021ལོར་མདོ་ལ་རི་བོའི་རྒྱལ་ཁབ་ཀྱི་སྤྱི་གླིང་སྐོར་སྲུང་གཞུང་ལམ་སྤྱི་ལེ་སུམ་ཅུ་འཛུགས་སྐྲུན་ལེགས་འགྲུབ་བྱས་ཟིན་ལ། 2022ལོར་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་ཁང་དང་རི་སྐྱེས་སྲོག་ཆགས་གསོ་སྤེལ་སྲུང་སྐྱོབ་ས་ཚིགས་འཛུགས་སྐྲུན་བྱས་ཏེ་བཀོད་སྤྱོད་བྱེད་མགོ་རྩམས། བརྒྱད་གཅིག་འཁྱགས་རོམ་ཚན་རྩལ་ཁྱབ་གདལ་ཁང་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒོ་ཆེན་དང་། ཁེ་ཐུའུ་བྱེ་བཅོས་ས་ཁུལ་གྱི་རི་གཉིས་རིགས་པའི་གཞུང་ལུགས་ཀྱི་རྨང་གཞིའི་འཛུགས་སྐྲུན་དེ2024ལོའི་ལོ་མཇུག་ཏུ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་རྒྱུ་རེད།
དུས་མཚུངས་སུ་མཚོ་སྔོན་པོའི་ལྷ་མོའི་མཚོ་ཁུག་སློབ་གསོའི་རྟེན་གཞི་དང་། མཚོ་སྔོན་པོའི་སྐྱེ་ཁམས་དངོས་མང་བཤམས་སྟོན་ཁང་། རྐང་ཚ་རྫོང་གི་དགོ་དམར་ཚན་རྩལ་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་སློབ་གསོའི་རྟེན་གཞི། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཚན་རྩལ་ཁྱབ་གདལ་ཁང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གསོ་སྤེལ་ས་ཚིགས། དོ་དམ་སྲུང་སྐྱོང་ས་ཚིགས་སོགས་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། 2022ལོ་ནས་ད་བར་མཚོ་བྱང་ཁུལ་ཀྱིས་ཁྱོན་བསྡོམས་རང་བྱུང་སློབ་གསོའི་བྱེད་སྒོ་སྣ་ཚོགས་ཐེངས་ལྔ་བཅུ་ལྷག་སྤེལ་བ་དང་། མི་ཁྲི་ལྔ་ལྷག་བྱེད་སྒོ་འདིའི་ཁྲོད་ཞུགས་ཡོད། རང་བྱུང་སློབ་གསོའི་དྲིལ་བསྒྲགས་དང་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་བརྒྱུད། དམངས་ཡོངས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུད་ཁྲོད་ཞུགས་པ་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འདུ་ཤེས་རིམ་བཞིན་ཇེ་ཟབ་ཏུ་ཕྱིན་ཡོད།
མིག་སྔའི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་མཚོ་བྱང་ཁུལ་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་པོའི་འབབ་རྒྱུད་དང་མདོ་ལ་རི་བོ་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཕྱོགས་བསྡུས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རྒྱལ་ཁབ་སྤྱི་གླིང་གི་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་རྣམ་པ་གསར་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཕྱོགས་བསྡུས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྒྱལ་ཁབ་སྤྱི་གླིང་གི་ལས་དོན་སོ་སོ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་རྣམ་པ་གསར་པ་གཏོད་དགོས།
ཚེ་མགོན་རྒྱལ་གྱིས་བསྒྱུར།