མཚོ་སྔོན་དང་ཞིན་ཅང་གིས་མཉམ་འགོག་མཉམ་བཅོས་བྱ་བ་སྤེལ་ནས་བྱང་གསུམ་བཟོ་བསྐྲུན་གྱི་འགག་སྒྲོལ་བྱ་བ་ལེགས་པོར་བསྒྲུབ་རྒྱུ་རེད།
2024.10.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 11

ཟླ10བའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་དང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་མཚོ་སྔོན་དང་ཞིན་ཅང་གི་མྱ་ངམ་ཐང་འགོག་བཅོས་དང་བྱང་གསུམ་སྐྱེ་ཁམས་བཅོས་སྐྱོང་བཟོ་སྐྲུན་གལ་ཆེན་སོགས་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་ལ་མཉམ་དུ་མིང་རྟགས་བཀོད་པ་དང་། དེས་མཚོ་སྔོན་དང་ཞིན་ཅང་གི་འབྲེལ་མཚམས་ས་ཁུལ་གྱི་མྱ་ངམ་ཐང་ཕྱོགས་བསྡུས་འགོག་བཅོས་དང་བྱང་གསུམ་སོགས་སྐྱེ་ཁམས་བཟོ་བསྐྲུན་འཛུགས་སྐྲུན་གལ་ཆེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རྨ་ནུབ་དོག་ལམ་ནས་ཐ་ཁི་ལ་མ་ཀན་བྱེ་ཐང་མཐའ་མཚམས་ཀྱི་འགོག་རྒོལ་ལས་དོན་ཡག་པོར་སྒྲུབ་པ་མཚོན་ཡོད།

གྲོས་ཆོད་ལྟར་ན། 2025ལོར་ཐོན་དུས། མཚོ་སྔོན་དང་ཞིན་ཅང་གི་འབྲེལ་མཚམས་ཁུལ་ཁོངས་ནས་མཉམ་ལས་ལས་གཞི་སྐོར་ཞིག་འཆར་འགོད་བྱས་ཏེ། བྱེ་རླུང་འབྱུང་རྐྱེན་འགོག་བཅོས་ཐད་ཀྱི་ཐོག་མའི་ལས་དོན་སྤེལ་བ་དང་། རྨ་ནུབ་དོག་ལམ་ནས་ཐ་ཁི་ལ་མ་ཀན་བྱེ་ཐང་མཐའ་མཚམས་ཀྱི་འགོག་རྒོལ་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལེན་རྒྱུ་དེ་ཡིན་ལ། 2030ལོར་ཐོན་དུས། མཚོ་སྔོན་དང་ཞིན་ཅང་འབྲེལ་མཚམས་ཁུལ་ཁོངས་ཀྱི་མྱ་ངམ་ཐང་བཅོས་སྐྱོང་མ་ལག་རྩ་བའི་སྟེང་གྲུབ་པར་བྱས་ཏེ། བྱེ་རླུང་འབྱུང་རྐྱེན་ཕན་ནུས་ལྡན་པར་བཅོས་སྐྱོང་ཐུབ་ཅིང་། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཇགས་རང་བཞིན་མངོན་གསལ་སྒོས་མཐོ་རུ་གཏང་རྒྱུ་རེད།

གྲོས་ཆོད་ལྟར་ན། མཚོ་སྔོན་དང་ཞིན་ཅང་གིས་མཚོ་སྔོན་དང་ཞིན་ཅང་གི་མྱ་ངམ་ཐང་ཕྱོགས་བསྡུས་འགོག་བཅོས་དང་ཞིང་གསུམ་སོགས་སྐྱེ་ཁམས་བཟོ་བསྐྲུན་འཛུགས་སྐྲུན་གལ་ཆེན་ལ་སྐུལ་འདེད་གཏོང་བའི་འབྲེལ་མཚམས་ཁུལ་ཁོངས་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ལས་རྐྱེན་སྲོལ་བཙུགས་ཏེ། རི་བོ་ཨའར་ཅན་དང་། ཆི་མན་ཐ་ཀི་རི་རྒྱུད་ཁུལ་ཁོངས་གཙོ་གནད་དུ་འཛིན་པ་དང་། རྨ་ནུབ་དོག་ལམ་དང་ཐ་ཀི་ལ་མ་ཀན་བྱེ་ཐང་མཐའ་མཚམས་ཀྱི་འགོག་རྒོལ་ལས་དོན་ཡག་པོར་བསྒྲུབ་རྒྱུ་དམིགས་ཡུལ་དུ་བྱས་ནས། སྐྱེ་ཁམས་བཅོས་སྐྱོང་དང་། ཚན་རྩལ་གསར་གཏོད། བྱེ་སའི་ཐོན་ལས་མཐུན་སྦྱོར་དང་འཕེལ་རྒྱས། མཉམ་འབྲེལ་ཁྲིམས་བསྟར། ལྟ་ཞིབ་ཚད་ལེན་དང་གནོད་འཚེ་སྔོན་འགོག་གི་མཉམ་ལས་རྐྱེན་སྲོལ་འཛུགས་པ་སོགས་ཀྱི་ཐད་ནས་མཉམ་ལས་གཏིང་ཟབ་སྤེལ་བ་དང་། གྲོང་རྡལ་དང་ལྕགས་ལམ། གཞུང་ལམ། ས་ཞིང་སོགས་ཁུལ་ཁོངས་གཙོ་བོར་བྱེད་ཅིང་། བྱེ་འགོག་བྱེ་བཅོས་ནུས་ཚད་ཇེ་ཆེར་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་གལ་ཆེན་གྱི་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་མ་ཟད། མཐུན་སྦྱོར་འབྲེལ་གཏུག་གི་རྐྱེན་སྲོལ་བཙུགས་ཏེ། མཉམ་འབྲེལ་གྲོས་ཚོགས་དུས་ངེས་མེད་དུ་སྤེལ་བ་དང་། བརྡ་ཁྱབ་ཆ་འཕྲིན་དུས་ལྟར་མཉམ་སྤྱོད་བྱེད་པ། མྱ་ངམ་ཐང་འགོག་བཅོས་དང་ཞིང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་དང་འབྲེལ་བའི་ལས་དོན་ཐད་གྲོས་མོལ་བརྗེ་རེས་བྱེད་པ། མཉམ་འགོག་མཉམ་བཅོས་ཀྱི་འབྲེལ་ཡོད་དཀའ་ཁག་སོགས་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ནས། བྱ་བའི་དངོས་འབྲས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། མཉམ་ལས་ཟབ་ཅིང་ཁུལ་ཁོངས་མཉམ་འགུལ། ནན་འཛིན་གཅིག་སྡོམ་གྱི་མཉམ་འགོག་མཉམ་བཅོས་ཀྱི་རྣམ་པ་གསར་པ་ཞིག་གྲུབ་པར་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀྲའོ་ཧེ་ཕིང་གིས་བཤད་རྒྱུར། མཚོ་སྔོན་དང་ཞིན་ཅང་གིས་ཡུན་རིང་བརྟན་འཇགས་དང་དངོས་གཉེར་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་མྱ་ངམ་ཐང་མཉམ་འགོག་མཉམ་བཅོས་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཏེ། མཉམ་ལས་ནང་དོན་ཇེ་ཟབ་ཏུ་གཏོང་བ་དང་། བྱ་བའི་བྱེད་ཐབས་ཤུགས་དྲག་ཏུ་གཏོང་བ། ཞིང་ཆེན་འབྲེལ་མཚམས་ཁུལ་ཁོངས་ཀྱི་མཉམ་འགོག་མཉམ་བཅོས་བྱ་བ་ཡག་པོར་བསྒྲུབ་སྟེ། ཕྱོགས་གཉིས་ཀྱིས་མྱ་ངམ་ཐང་འགོག་བཅོས་ཐད་ཀྱི་བརྗེ་རེས་མཉམ་ལས་ཆུ་ཚད་མཐོ་ཞིང་རིམ་པ་ཟབ་པ། སྤུས་ཚད་མཐོ་བའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་ནས། མེས་རྒྱལ་ལྗང་མདོག་ཏུ་བསྐྲུན་པའི་ཐད་མཉམ་དུ་བྱས་རྗེས་འཇོག་འདོད་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།