ཟླ10པའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ད་ལོ་ནས་བཟུང་། མཚོ་སྔོན་གྱིས་སློབ་གྲྭ་ཆེན་མོ་བའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་སློབ་གསོ་ཐིན་བཅས་སྡེ་ཁག5ཡིས་མཐུན་སྦྱོར་མཉམ་འགུལ་བྱས་ཏེ། གྲོང་གསེབ་སྨན་པའི་དཔུང་ཁག་རྒྱུན་མཐུད་ངང་ཁ་གསབ་དང་ཇེ་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གསོ་རིག་ཆེད་ལས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་དྲ་བ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་སློབ་ཆེན་གྲོང་གསེབ་སྨན་པ492ལས་གནས་སུ་ཞུགས་པ་མ་ཟད་སྒྲིག་ཁོངས་དོ་དམ་ནང་བཅུག
རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་ཀྱི་བླང་བྱ་གཞིར་བཟུང་བ་དང་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་སློབ་ཆེན་གྲོང་གསེབ་སྨན་པ་ཡོངས་བསྒྲགས་གདན་ཞུའི་སྲིད་ཇུས་དང་། གདན་ཞུའི་མི་སྣའི་ཁྱབ་ཁོངས། སྒྲིག་ཁོངས་ཐག་གཅོད་ཐབས་ལམ། ནོར་སྲིད་ཐོབ་ཐང་འགན་སྲུང་སོགས་ཀྱི་ཐད་ཚད་གཞི་གཅིག་གྱུར་གྱིས་སྐུལ་འདེད་ལམ་སྲོལ་བཙུགས་ཏེ་སྐུལ་འདེད་ཚོགས་འདུ་དང་། མཐུན་སྦྱོར་ཚོགས་འདུ། དུས་བཅད་ལྟར་ལྟ་སྐུལ་སྤྱི་འདོམས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། བྱ་བར་སྐུལ་འདེད་གཏོང་བའི་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུ་རེད། དེ་དང་ཆབས་ཅིག ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་བྱ་བའི་གྲོས་མོལ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་དང་མཛུབ་ཁྲིད་བྱས་ཏེ། མགྱོགས་མྱུར་སྒོས་སློབ་གྲྭ་ཆེན་མོ་བའི་གྲོང་གསེབ་སྨན་པ་ཡོངས་བསྒྲགས་ངང་བསྡུ་བའི་རིམ་པ་སོ་སོའི་བྱ་བ་དོན་འཁྱོལ་བྱ་རྒྱུ་རེད།
སྡེ་ཁག་ལྔ་ཡིས་འོག་ནས་གོང་ལ་རིམ་པ་རེ་རེ་བཞིན་མཉམ་དུ་ཞིབ་བཤེར་བྱས་པ་བརྒྱུད། ཞིང་ཆེན་ཡོངས་སུ་སློབ་གྲྭ་ཆེན་མོ་བའི་གྲོང་གསེབ་སྨན་པའི་ལས་གནས598ཀྱིས་སྤྱི་ཚོགས་ཡོངས་ལ་ཡོངས་བསྒྲགས་ངང་གདན་ཞུ་བྱས། སློབ་གྲྭ་ཆེན་མོ་བའི་གྲོང་གསེབ་སྨན་པ་སྡེ་བའི་སྨན་པའི་ལས་གནས་སུ་མགྱོགས་མྱུར་སྒོས་ཞུགས་ཐུབ་པར་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་སློབ་གྲྭ་ཆེན་མོ་བའི་གྲོང་གསེབ་སྨན་པ་གསར་དུ་བསྡུ་བར་སྲིད་ཇུས་ཁྲིམས་སྲོལ་དང་ལས་སྒོ་རྩལ་ནུས་སོགས་ཀྱི་ལས་གནས་སུ་མ་ཞུགས་སྔོན་གྱི་གསོ་སྦྱོང་བྱ་བ་སྤེལ། མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ཆེན་མོ་བའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞི་མུ་མཐུད་དུ་ལག་བསྟར་བྱས་ནས། གསོ་རིག་ཆེད་ལས་ཀྱི་མཐོ་སློབ་མཐར་ཕྱིན་པའི་སློབ་མ་སྔར་ལས་མང་པོ་གྲོང་གསེབ་སྨན་པའི་བྱ་བའི་ཁྲོད་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གྲོང་གསེབ་སྨན་པའི་དཔུང་ཁག་ཇེ་ལེགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། རྒྱ་ཆེའི་རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་སྔར་ལས་ཡག་པོ་ཞུ་རྒྱུ་རེད།
ཤ་བོ་རིན་མཚོས་བསྒྱུར།