འདི་ལོ་འགའི་རིང་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་ནུས་ཤུགས་ཡོད་རྒུས་མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བཟོ་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན་བར་བཟོ་སྐྲུན་ཐད་ལ་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་བརྒྱད་ཁྲི་བརྒྱད་ལྷག་བཏང་ནས་ཁྱིམ་ཚང་སྟོང་གཉིས་དང་བདུན་བརྒྱ་རེ་བཞི་ཡི་མི་ཁྲི་གཅིག་དང་སྟོང་བཞི་སུམ་བརྒྱ་ང་བརྒྱད་ལ་ཕན་ཁེ་ཐོབ།
རྩེ་ཁོག་རྫོང་ནི་ས་བབ་མཐོ་ཞིང་མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་གནད་དོན་ནི་ས་གནས་དེའི་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་འགྲོ་བར་ཐད་ཀར་ཚོད་འཛིན་ཐེབས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། གནད་དོན་དེ་ཐག་གཅོད་གང་ལེགས་བྱེད་ཆེད། རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་། རྩ་འཛུགས་ཞིབ་ཚགས། བྱ་བའི་འགོ་ཁྲིད་ཚན་ཆུང་འཛུགས་པ་བཅས་བྱས་ཏེ་ཆེད་དོན་ཚོགས་འདུ་ཐེངས་མང་བསྡུས་ནས། བཟོ་སྐྲུན་འཛུགས་སྐྲུན་ཐད་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། དུས་མཚུང་སུ། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་བཟོ་སྐྲུན་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་ལེགས་པོ་བྱས་ཡོད།
རྩེ་ཁོག་རྫོང་གིས་ཆེད་ལས་ལག་རྩལ་མི་སྣ་རྩ་འཛུགས་བྱས་ཏེ། ཡུལ་དངོས་སུ་སོང་ནས་རྫོང་ཡོངས་ཀྱི་ཆུའི་འབྱུང་ཁུངས་དང་། ས་བབ། མི་གྲངས་ཁྱབ་ཚུལ་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་དང་དབྱེ་ཞིབ་ཞིབ་མོ་བྱས་པ་དང་། ལུགས་མཐུན་སྒོས་ཆུ་འདོན་སྒྲིག་བཀོད་དང་ཆུ་འདྲེན་སྦུག་ལམ་བཀོད་སྒྲིག་བྱས་པར་མ་ཟད་འཛུགས་སྐྲུན་ཡང་བྱས་པ་རེད།
བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད་ནས་ས་གནས་དེ་གའི་མང་ཚོགས་དང་ཕྱུགས་ཟོག་མང་པོའི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པ་དང་། དུས་མཚུངས་སུ་བརྟན་འཇགས་སྒོས་ཆུ་མཁོ་འདོན་བྱས་པ་དེས་ཀྱང་ས་གནས་དེ་གའི་གསོ་སྤེལ་ལས་རིགས་ཐད་ལ་འགན་སྲུང་ལེགས་པོ་བྱས་ནས་ནོར་ལུག་གསོ་སྤེལ་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།
མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བཟོ་སྐྲུན་གྱིས་རྩེ་ཁོག་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་ནས། རྩེ་ཁོག་རྫོང་གིས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད། རྩེ་ཁོག་རྫོང་གིས་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་དུ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུས་མཚུངས་སུ་ཆུའི་འབྱུང་ཁུངས་སྲུང་སྐྱོང་དང་ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་བསྣན་ནས། བཟོ་སྐྲུན་ཡུན་རིང་བརྟན་འཇགས་ངང་འཁོར་རྒྱུག་བྱེད་ཐུབ་པར་ཁག་ཐེག་བྱ་རྒྱུ་རེད།
འབྲུག་མོས་བསྒྱུར།