ཟླ10པའི་ཚེས16ཉིན་ནས་ཟླ10པའི་ཚེས23ཉིན་བར་དུ། མཚོ་སྔོན་ཞིང་ཆེན་མེ་འགོག་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་བཀོད་སྒྲིག་ཞིབ་ཚགས་དང་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས། རུ་ཁག་ནང་ཁུལ་གྱི་ལྟ་སྐུལ་དོ་དམ་དང་མེ་འགོག་འཛུགས་སྐྲུན། མེ་འགོག་སྒྲིག་ཆས། མེ་གསོད་རོགས་སྐྱོབ་སོགས་ཐད་ཀྱི་ཆེད་མཁས་པ9སྐོང་འཐེན་བྱས་ཏེ། སྤྱི་ཚོགས་སྟེང་གི་གློག་ཤུགས་དང་མེ་འགོག་སྒྲིག་ཆས་སོགས་ཐད་ཀྱི་ཆེད་མཁས་པ6གདན་དྲངས་ཏེ། བྱ་བའི་ཚན་ཆུང3དངོས་སུ་བཙུགས་ནས་སློབ་ཁྲིད་གསོ་སྦྱོང་རྣམ་པའི་ཞིབ་བཤེར་སྤེལ།
ད་ཐེངས་ཀྱི་སློབ་ཁྲིད་གསོ་སྦྱོང་རྣམ་པའི་ཞིབ་བཤེར་གྱིས་མེ་འགོག་དོ་དམ་དང་མེ་འགོག་འཛུགས་སྐྲུན། གློག་ཤུགས་བདེ་འཇགས། མེ་འགོག་སྒྲིག་ཆས། མེ་གསོད་རོགས་སྐྱོབ་བཅས་ཕྱོགས5ལ་དམ་པོར་དམིགས་ནས། ཞིབ་བཤེར་གཙོ་གནད་ཁག23རེ་རེ་བཞིན་ཞིབ་ཚགས་སུ་བཏང་སྟེ། “ལས་དོན་བཀོད་སྒྲིག་ཞིབ་ཚགས་ཅན་དུ་གཏོང་བ་དང་ཡུལ་དངོས་ཞིབ་བཤེར་ཚད་ལྡན་ཅན་དུ་གཏོང་བ། རིགས་དབྱེ་མཛུབ་སྟོན་དང་ལེགས་བཅོས་བྱེད་པ། དུས་ཐོག་ཏུ་དཔྱད་བརྗོད་བྱས་ནས་ལན་སྟེར་བ། སྤྱི་སྡོམ་སྙན་ཞུ་སྤྲོད་པ”བཅས་ཀྱི་གོ་རིམ་གཞིར་བཟུང་ནས་ལག་བསྟར་ནན་མོ་བྱས། ཞིབ་བཤེར་སྤེལ་བའི་རིང་ལ། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱིས་མཐོ་རིམ་གྱི་སྤྱི་པའི་འཛུགས་སྐྲུན་དང་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས། མཉམ་བསྲེས་ཐོན་སྐྱེད་གཉེར་སྐྱོང་ཁང་སོགས་གནས་ཡུལ43ལ་ཞིབ་བཤེར་བྱས་པ་དང་། གནད་དོན828དང་འགལ་རྐྱེན་ཚབས་ཆེན28གསལ་འདོན་བྱས་ལ། ལས་ཁུངས་ལ་བསམ་འཆར་དང་གྲོས་འགོ731བཏོན་པར་མ་ཟད། ཁོངས་གཏོགས་ཁུལ་གྱི་མེ་འགོག་སྡེ་ཁག་ལ་བསམ་འཆར་དང་གྲོས་འགོ32དངོས་སུ་བཏོན།
ཞིབ་བཤེར་ལས་དོན་ཚར་རྗེས། ཚན་ཁག་སོ་སོས་ཞིབ་བཤེར་གནས་ཚུལ་ལ་གྲལ་བཤེར་བྱས་ནས“གསལ་ཁྲ་གཉིས”དངོས་སུ་བཟོས་ཏེ། དབྱེ་ཞིབ་བགྲོ་གླེང་ཚོགས་འདུ་འཚོགས་པ་བརྒྱུད། མེ་འགོག་ལྟ་སྐུལ་ལས་བྱེད་པའི་ཉེན་ཁ་གསལ་རྟོགས་དང་གནད་དོན་ཐག་གཅོད་ནུས་པ་སྔར་ལས་ཆེ་རུ་བཏང་།
བན་དེ་སྐྱབས་ཀྱིས་བསྒྱུར།