མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཉེན་རྟོག་པའི2024ལོའི་རྨང་གཞི་རིམ་པའི་ཁྲིམས་བསྟར་ཐོབ་ཐང་རྒྱུགས་ལེན་བྱ་འགུལ་སྤེལ།
2024.10.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ10པའི་ཚེས27ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཉེན་རྟོག་པའི2024ལོའི་རྨང་གཞི་རིམ་པའི་ཁྲིམས་བསྟར་ཐོབ་ཐང་རྒྱུགས་ལེན་བྱ་འགུལ་དེ་ཟི་ལིང་གྲོང་ཁྱེར་ཧེ་ཧུའུ་སློབ་འབྲིང་དུ་སྤེལ་ཞིང་།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་དང་མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པ་སྟོང་གཅིག་ལྷག་རྒྱུགས་ལེན་བྱ་འགུལ་ལ་ཞུགས།

ཐེངས་འདིའི་རྒྱུགས་གཞི་ཡིས2024ལོའི་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པའི་ཁྲིམས་བསྟར་ཐོབ་ཐང་རིམ་པའི་རྒྱུགས་གཞིའི་རྩ་གནད་ཀྱི་བླང་བྱར་དམིགས་ནས་བརྗོད་གཞི་གཏན་འཁེལ་བྱས་པ་དང་། གཙོ་བོ་མི་དམངས་ཉེན་རྟོག་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་བདེའི་ཁྲིམས་བསྟར་བྱ་བའི་ཁྲོད་ཀྱི་རྒྱུན་སྤྱོད་ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ། སྡེ་ཁག་གི་སྒྲིག་སྲོལ་སོགས་མི་དམངས་ཉེན་རྟོག་པས་ངེས་པར་དུ་ཤེས་དགོས་པའི་རྩ་བའི་ཁྲིམས་ལུགས་ཤེས་བྱ་དང་བཀོལ་སྤྱོད་རང་བཞིན་གྱི་གཏན་འབེབས་བཅས་ཀྱི་རྒྱུས་ལོན་གནས་ཚུལ་ལ་རྒྱུགས་བཤེར་བྱས་ཏེ། མི་དམངས་ཉེན་རྟོག་པའི་ཁྲིམས་ལུགས་བྱང་ཚད་དང་ཁྲིམས་ལུགས་ནུས་པ་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་།

ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཁྲིམས་བསྟར་ཐོབ་ཐང་རྒྱུགས་ལེན་བྱ་བར་ཚད་མཐོན་པོས་མཐོང་ཆེན་བྱས་ནས། ཁྲིམས་བསྟར་ཐོབ་ཐང་རིམ་པའི་རྒྱུགས་ལེན་དེ་ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྲུན་དང་ཁྲིམས་བསྟར་ཚད་ལྡན་ཅན་འཛུགས་སྐྲུན་ཟབ་སྤེལ་བྱེད་པའི་ཐབས་ལམ་གཙོ་བོར་བརྩིས་པ་དང་། ཁྲིམས་བསྟར་ཐོབ་ཐང་རིམ་པའི་རྒྱུགས་ལེན་མཇུག་འབྲས་དང་ཁྲིམས་བསྟར་གྱོད་སྒྲུབ། ཉེན་རྟོག་པ་གསར་བ་བསྡུ་ལེན། སྔོན་ཐོན་དང་ཕུལ་བྱུང་དཔྱད་འདེམས། ཉེན་རྟོག་པའི་གོ་གནས་འཕར་བ། འགོ་ཁྲིད་ལས་བྱེད་པ་འདེམས་སྒྲིག་བསྐོ་སྤྱོད་སོགས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་རྒྱུན་འཁྱོངས་བྱེད་ཅིང་། རྒྱུགས་ལེན་ལ་བརྟེན་ནས་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུགས་ལེན་ལ་བརྟེན་ནས་གསབ་སྦྱོང་ལ་སྐུལ་འདེད་གཏོང་བ། རྒྱུགས་ལེན་ལ་བརྟེན་ནས་མི་སྣ་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཚད་ལྡན་དྲང་བཞག་དང་དཔལ་ཡོན་ལྡན་པའི་ཁྲིམས་བསྟར་འདུ་ཤེས་དེ་ཉེན་རྟོག་པའི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་དགོས། 

ལྷ་མོ་འཚོས་བསྒྱུར།