ཟླ10པའི་ཚེས་ཉེར28ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ངག་དབང་ཚེ་རིང་གིས་བཤད་རྒྱུར། “མིག་སྔའི་བར། ཡུས་ཧྲུའུ་ཁུལ་གྱིས་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ་གཅིག་དང་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་གཙོ་གནད་སྡེ་བ་གཉིས། དཔེ་སྟོན་ས་ཚིགས་གཅིག་དང་། A4རིམ་པའི་མཛེས་ལྗོངས་ཁུལ་གཅིག A3རིམ་པའི་མཛེས་ལྗོངས་ཁུལ་གཅིག་བཅས་བདམས་ཐོན་ལེགས་འགྲུབ་བྱུང་། སྒེར་གྱི་རླངས་འཁོར་བསྐོར་ནས་མཚོ་བོད་གཞུང་ལམ་ནས་བོད་ལྗོངས་ལ་བསྐྱོད་པའི་ཡུལ་སྐོར་ལམ་ཐིག་བཟང་པོ་བསྐྲུན་པ་དང་། ཡུས་ཧྲུའུ་བསྐོར་ནས་བོད་ལྗོངས་ལ་བསྐྱོད་པའི་ཡུལ་སྐོར་གཞུང་ལམ་གསུམ་འཛུགས་སྐྲུན་བྱས། ད་ལོའི་ཚུན་ལ། ཡུས་ཧྲུའུ་ཁུལ་གྱིས“ལྟེ་བ་གཅིག་དང་སྐོར་གཅིག ས་ཁུལ་མང་པོའི”སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་དམིགས་ཏེ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དང་བོད་ཀྱི་རིག་གནས་(ཡུས་ཧྲུའུ)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བཤད།
ཡུས་ཧྲུའུ་ཁུལ་གྱིས་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་ཡུལ་སྐོར་གྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ཤུགས་སྣོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་གཏོད་པ་དང་། སྦྲེལ་མཐུད་ལེགས་པོ། ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་བཅས་རགས་ཙམ་ཆགས་ཡོད། ཡུས་ཧྲུའུ་རྟེན་མཛོད་ཁང་གི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས400ལྷག་ཙམ་སྲུང་སྐྱོབ་བྱས་ཤིང་།《གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་ཀྱི་ཡུས་ཧྲུའུ》ཞེས་པའི་གླུ་གར་ཟློས་གར་གསར་རྩོམ་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་གྱི་གར་སྟེགས་ཟློས་གར་གླིང་སྒྲུང་དང་། དངོས་ལྗོངས་ཟློས་གར་ཡུས་ཧྲུའུ་ཡི་གཉེན་སྒྲིག་དམངས་སྲོལ་དང་། ཡུལ་སྣང་ཟློས་གར་ཀོང་ཇོའི་ཡུས་ཧྲུའུ་ལ་བཅངས་པའི་བརྩེ་དུང་ཞེས་པའི་འཁྲབ་གཞུང་འཐུས་ཚང་དུ་གཏོང་བ་དང་གསར་རྩོམ་བྱེད་བཞིན་ཡོད་པ་རེད།“བྱ་འགུལ་ཆེན་པོས་སྣེ་ཁྲིད་དང་བྱ་འགུལ་ཆུང་བ་རྒྱུན་མི་ཆད་པར་སྤེལ་བའི”རྩ་དོན་ལྟར། སྤུས་རྟགས་གཏོད་པའི་བྱ་འགུལ་རྒྱུན་མཐུད་ངང་སྤེལ། ད་ལོའི་བྱ་འགུལ་སྣ་ཚོགས་འཁྱིག་དབྱིངས་ལས་ལྟ་ཚད་མི་ཐེངས་འབུམ་གཅིག་དང་ཁྲི་དགུ་སྟོང་ལྔ་ལས་བརྒལ་བ་དང་། བརྙན་རིས་ཨང་རྟགས་ལྟ་ཀློག་བྱེད་ཚད་མི་ཐེངས་འབུམ་གཅིག་དང་ཁྲི་དྲུག་སྟོང་དྲུག་ལ་སླེབས་པ། ཡུལ་སྐོར་བ་མི་ཐེངས་འབུམ་བདུན་དང་ཁྲི་དྲུག་ལྷག་སྣེ་ལེན་བྱས་ནས་ཡུལ་སྐོར་མཛད་སྤྱོད་མ་དངུལ་སྒོར་དུང་ཕྱིར་བཞི་ལྷག་མངོན་འགྱུར་བྱས།
ཡིག་སྒྱུར་བ། འབྲུག་མོ།