ཟླ10ཚེས28ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཡོངས་ཀྱི་ལས་ཁུངས100ལ“རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་ཐུན་མོང་”གི་མཚན་སྙན་སྤྲད་པ་དང་། མི་སྒེར198ལ“རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ། མཚོ་སྔོན་ཞིང་ཆེན་གྱི་ཐུན་མོང་གཉིས་དང་མི་སྒེར་ལྔ་ལ་རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་མཚན་སྙན་ཐོབ།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་གཟེངས་བསྟོད་ནི2018ལོའི་རྗེས་ཀྱི་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་ཐུན་མོང་དང་མི་སྒེར་དཔྱད་འདེམས་དང་གཟེངས་བསྟོད་བྱས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཏེ་རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བ་སྒྲུབ་མཁན་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ལག་ལེན་ཁྲོད་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པ་དང་། བདེན་སྲུང་གསར་སྐྲུན། སྔ་འཛིན་ཕྱི་གཏོད་བཅས་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མ་ལག་རང་བཞིན་གྱི་སྲུང་སྐྱོབ་ཏན་ཏིག་བྱེད་པར་སླར་ཡང་གྲུབ་འབྲས་གསར་པ་གཏོད་པ་དང་གཟི་བརྗིད་མུ་མཐུད་དུ་རྩོམ་པར་སྐུལ་ལྕག་བྱེད་ཆེད་ཡིན་པ་རེད།
“རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་ཐུན་མོང”གི་མཚན་སྙན་ཐོབ་མཁན་ནི། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཁང་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་རིག་གནས་ཁང་ཡིན་པ་དང་། རྒྱལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་མཁན་ནི། རྒྱལ་ཁབ་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དབྱང་ཡུང་ལེང་དང་བློ་བཟང་བསྟན་པ། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཝུའུ་ཡུན་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཁྲུའུ་ཡི་ཡུས་ཀོ་བུན། རྩེ་ཁོག་རྫོང་རིག་གནས་ཁང་གི་འགོ་གཙོ་མཁར་ལོ་རྒྱལ་བཅས་ཡིན།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རིམ་པ་བཞིའི་མིང་གཞུང་མ་ལག་འཐུས་ཚང་དང་། སྲུང་སྐྱོང་ལམ་སྲོལ་ཉིན་བཞིན་འཐུས་ཚང་། རྒྱུན་འཛིན་ནུས་པ་མངོན་གསལ་སྒོས་ཆེ་རུ་འགྲོ་བ། སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོབ་ལ་བརྟན་བརླིང་ངང་སྐུལ་འདེད་གཏོང་བ། གསོ་སྦྱོང་དྲིལ་བསྒྲགས་རྒྱ་ཁྱབ་ངང་སྤེལ་བ། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་འདུ་ཤེས་མི་སེམས་སུ་ཟུག་པ་བཅས་བྱས་ཏེ། རིག་གནས་ཀྱི་རང་རྟོན་དང་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། ཞིང་ཆེན་ཡོངས་ཀྱི་རིག་གནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ནས། དུས་རབས་གསར་པར་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་མངོན་ཡོད། ཞིང་ཆེན་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བ་སྒྲུབ་མཁན་གྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་བ་དང་། རང་འགན་གཙང་སྒྲུབ་བྱས་ནས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་གྲུབ་འབྲས་ཀྱི་མངོན་གསལ་དོད་པའི་དཔེ་མཚོན་འབོར་ཆེན་ཞིག་ཐོན་ཡོད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།