མཚོ་སྔོན་གྱིས2025ལོའི་སློབ་རའི་འཇོན་མི་བསྡུ་འགུག་བྱ་བ་བསྒྲུབ་འགོ་བརྩམས།
2024.10.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

ཟླ10པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་གྱི2025ལོའི་སློབ་རའི་འཇོན་མི་བསྡུ་འགུག་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཟི་ལིང་དུ་བསྡུས།

ཚོགས་འདུ་ལས་བསྟན་དོན། སློབ་རའི་འཇོན་མི་བསྡུ་འགུག་བྱེད་པ་ནི་མཚོ་སྔོན་གྱི་འཇོན་མི་དཀོན་པ་དང་འཇོན་མིའི་སྒྲིག་གཞི་ལེགས་པོ་མིན་པ།   ནུས་པ་འདོན་སྤེལ་ལེགས་པོ་མ་བྱས་པ་སོགས་ཀྱི་དཀའ་གནད་ཐག་གཅོད་བྱེད་པའི་ཐབས་ལམ་གཙོ་བོ་ཡིན་པས། ཤོང་ཚད་ཇེ་ཆེར་གཏོང་བ་དང་། ནུས་པ་གསོག་འཇོག་བྱེད་པ།  བྱེད་ནུས་འདོན་སྤེལ་བྱེད་པ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཞིང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ཀྱི་འཇོན་མིའི་དགོས་མཁོར་གཞིགས་ནས། མཚོ་སྔོན་ལ་རྒྱུས་ལོན་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་རྒྱས་གཏོང་བ་བཅས་ཀྱི་ཕུལ་བྱུང་འཇོན་མི་སྔར་ལས་མང་པོ་མཚོ་སྔོན་དུ་ཡོང་ནས་གསར་གཏོད་ལས་སྐྲུན་བྱེད་པར་བསྡུ་འགུག་བྱེད་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། སློབ་རའི་འཇོན་མི་བསྡུ་འགུག་བྱ་བ་བསྒྲུབ་པའི་དོན་སྙིང་གལ་ཆེན་རྟོགས་དགོས་པ་དང་།  གནས་བབ་གསར་བའི་འོག་འཕྲད་པའི་གོ་སྐབས་དང་འགྲན་སློང་དམ་འཛིན་ནན་མོ་བྱས་ཏེ། འཇོན་མི་འགུག་པའི་བྱེད་ཐབས་གསར་གཏོད་བྱེད་པ་དང་། འཇོན་མི་འགུག་པའི་ཐབས་ལམ་རྒྱ་བསྐྱེད་པ། འཇོན་མི་འགུག་པའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། འཇོན་མི་འགུག་པའི་སྲིད་ཇུས་བེད་སྤྱོད་ལེགས་པོ་བྱས་ནས།  དྲ་དངོས་དང་ཡུལ་དངོས་ཟུང་འབྲེལ་བྱེད་པ་དང་། གཅིག་སྡུད་སྒོས་འཇོན་མི་བསྡུ་འགུག་བྱེད་པ་དང་ཕྱོགས་སོ་སོ་ནས་འཇོན་མི་བསྡུ་འགུག་བྱེད་པ་གཉིས་ཟུང་འབྲེལ། ཞིང་ཆེན་ཕྱི་ནས་འཇོན་མི་བསྡུ་འགུག་བྱེད་པ་དང་ཞིང་ཆེན་ནང་ཁུལ་ནས་ངོ་གཏུག་སྦྲེལ་མཐུད་བྱེད་པ་གཉིས་ཟུང་འབྲེལ་སོགས་ཀྱི་ཕྱོགས་བསྡུས་བྱེད་ཐབས་སྣ་མང་སྤྱད་དེ། གཅིག་དང་དྲུག་གི་མུ་འབྲེལ་བྱ་འགུལ་ལེགས་པོར་སྤེལ་དགོས། ཚོགས་འདུ་ལས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མཉམ་འཛིན་སྤྱི་སྒྲུབ་དང་། སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ནས། འཇོན་མི་བསྡུ་འགུག་བྱ་བའི་ས་ཚིགས་དང་སློབ་རའི་འཇོན་མི་བསྡུ་འགུག་གི་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་འཇོན་མིའི་བྱ་བའི་མཉམ་ཤུགས་གཅིག་སྡུད་བྱས་ཏེ། འཇོན་མི་བསྡུ་འགུག་གི་གྲངས་ཀ་ཇེ་མང་དུ་གཏོང་བ་དང་སྤུས་ཀ་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི2025ལོའི་སློབ་རའི་འཇོན་མི་བསྡུ་འགུག་བྱ་བས་ཕྱོགས་སོ་སོའི་འཇོན་མི་གཅིག་ཏུ་བསྡུས་ནས་མཛེས་སྡུག་མཚོ་སྔོན་གྱི་ཕུགས་འདུན་སྙེག་ཅེས་པ་བརྗོད་གཞི་བྱས་ནས། ད་ལོའི་ཟླ10པ་ནས་བཟུང་བྱ་བའི་འགོ་བརྩམས་པ་དང་། སང་ལོའི་ཟླ8པར་མཇུག་བསྡུ་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་ཁེ་ལས་དང་ལས་དོན་སྡེ་ཁག142བརྒྱ་དང་ཞེ་གཉིས་བྱ་འགུལ་ཁྲོད་ཞུགས་ཡོད་པ་དང་། འཇོན་མི1258མཁོ་བའི་རེ་འདུན་བཏོན་ཞིང་། དེའི་ཁྲོད་འབུམ་རམས་པ249དང་།   ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་དང་དངོས་གཞི་མཐར་ཕྱིན་སློབ་མ་1007འདུས་ཡོད།

ལྷ་མོ་འཚོས་བསྒྱུར།