ཟླ་བཅུ་པའི་ཚེས་སུམ་ཅུའི་ཉིན། ཞིང་ཆེན་ཡོངས་ཀྱི་གཞུང་གཉེར་སྨན་ཁང་གི་བཅོས་སྒྱུར་བྱ་བའི་སྐུལ་འདེད་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཚོགས་འདུའི་སྟེང་ད་ལོའི་ཚུན་ལ་ཞིང་ཆེན་ཡོངས་ཀྱི་གཞུང་གཉེར་སྨན་ཁང་གི་བཅོས་སྒྱུར་དང་སྨན་བཅོས་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་གཅིག་བསྡུས་སྒོས་བཅོས་སྒྲིག་བྱེད་པའི་བྱ་བར་ཕྱོགས་སྡོམ་བྱས་པ་དང་། དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གཞུང་གཉེར་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
གྲོས་ཚོགས་སྟེང་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གཏིང་ཟབ་སྒོས་ལག་ལེན་དུ་བསྟར་བ་དང་། ཚད་གཞི་མཐོ་བ་དང་རྒྱུད་རིམ་ལྡན་པའི་སྒོ་ནས་གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བསྒྱུར་བཅོས་བྱ་བར་སྐུལ་འདེད་བཏང་བས། སྲིད་གཞུང་གི་འགན་སྲུང་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། ཚན་རིག་དང་མཐུན་པའི་ཁ་གསབ་ལམ་སྲོལ་རགས་ཙམ་བཙུགས་པ། གླ་ཕོགས་ལམ་ལུགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། རིམ་བགོས་ནད་བརྟག་སྨན་བཅོས་བྱེད་པར་གྲུབ་འབྲས་རགས་ཙམ་ཐོབ་པ། གཅིག་བསྡུས་བཅོས་སྐྱོང་བྱ་བར་ཕན་ནུས་ལྡན་པ་དང་གོ་རིམ་ཡོད་པ་བཅས་བྱུང་སྟེ། གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་བྱ་བར་ དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལངས་གནས་སྔར་བས་མཐོར་འདེགས་གཏོང་བ། ཞིང་ཆེན་ཡོངས་ཀྱི་གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་གནས་བབ་དང་མདུན་དུ་ལྷགས་པའི་འགྲན་སློང་ཁོང་དུ་ཡང་དག་པར་ཆུད་པ། གཞུང་གཉེར་སྨན་ཁང་གི་བཅོས་སྒྱུར་ལ་སྐུལ་འདེད་ལེགས་པོ་བྱེད་དགོས། “སྨན་བཅོས་དང་འགན་བཅོལ། སྨན་རྫས་གསུམ”མཉམ་སྒྲུབ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། འཁོར་སྐྱོད་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྨན་བཅོས་འགན་བཅོལ་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ། རིམ་པ་གསུམ་པའི་སྨན་ཁང་གི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཅས་གཏོང་དགོས། སྨན་ཁང་གི་བདག་གཉེར་དོ་དམ་ཆུ་ཚད་དང་སྨན་བཅོས་ཞབས་ཞུའི་ནུས་པ་སྔར་ལས་ཆེ་རུ་གཏོང་བ་དང་། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་བྱེད་པ། ཧུར་ཐག་སྒོས་གཞུང་གཉེར་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་བཅོས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་འདོམས་སྐུལ་འདེད་དང་རྒྱུན་མཐུད་ཤུགས་འདོན། གྱོད་གཞི་ཞིབ་གཅོད། ཤུགས་འདོན་མཁྲེགས་གཏོར་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་མཐོར་གཏོང་བའི་བཅོས་སྒྲིག་གི་ཕན་ནུས་ཐོབ་པར་འགན་ལེན་བྱེད་དགོས།
ཡིག་སྒྱུར་བ། འབྲུག་མོ།