ཉེ་བའི་ལོ་ལྔའི་རིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གསོག་ཚད་ལོ་རེར་ཆ་སྙོམས་ངང་བརྒྱ་ཆའི་དྲུག་ཡན་འཕར་བཞིན་ཡོད།
2024.10.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ10ཚེས28ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་བའི་ལོ་ལྔའི་རིང་ལ།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་ངོས་ཀྱི་ཆུའི་ཐོན་ཁུངས་ཀྱི་ཚད་དེ་ལོ་རེའི་ཆ་སྙོམས་ཀྱི་ཚད་གཞི་ལས་བརྒྱ་ཆའི་སོ་གསུམ་དང་གྲངས་ཆུང་བདུན་གྱིས་ཇེ་མང་དུ་འཕར་ཡོད་ཅིང་། ཆུ་དང་བརླན་སའི་སྐྱེ་ཁམས་མ་ལག་གི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་སུམ་བརྒྱ་དང་དགུ་ཡིས་ཇེ་མང་དུ་ཕྱིན་ཡོད་ལ། ཆུ་འགོའི་ཆུ་ཁུངས་ཀྱི་གསོག་ཚད་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་དྲུག་ཡན་འཕར་ཡོད། དེ་མིན་དུང་སྐྱེ་ཁམས་མ་ལག་གི་ཆུ་ཁུངས་གསོག་ཚད་དང་ཆུ་བོའི་འབབ་རྒྱུད་ས་ཁུལ་གྱི་ཆུའི་མཁོ་སྤྲོད་ནུས་པ་གཞི་རྩའི་ཆ་ནས་བརྟན་པོ་བྱུང་ཡོད་ལ། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཞིང་ཆེན་ནས་ཐོན་པའི་ཆུའི་སྤུས་ཚད་དེ་རིམ་པ་དྲུག་ཡན་དུ་སླེབས་ཡོད་པར་མ་ཟད། དེའི་ཁྲོད་རིམ་པ་གསུམ་པའི་རིགས་ཀྱི་ཆུའི་སྤུས་ཚད་ཀྱི་བསྡུར་ཚད་བརྒྱ་ཆའི་བཞི་ཅུར་སླེབས་ལ་ཉེ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་འདི་ཉིད་མཚོ་བོད་མཐོ་སྒང་གི་ལྟེ་བ་དང་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པ་དང་། འཛམ་གླིང་གི་ཆེས་རིང་བའི་ཆུ་བོ་བཅུ་ཡི་མདུན་གྲལ་དུ་ཡོད་པའི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཆུ་བོ་ཆེ་ཆེན་པོ་གསུམ་གྱི་ཆུ་འགོ་ཡིན་པས། “ཀྲུང་ཧྭའི་ཆུ་མཛོད”ཅེས་པའི་ཆོ་ལོ་བསྩལ་ཡོད། ཆུ་བོ་ཆེན་པོ་གསུམ་གྱིས་ལོ་རེར་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས18དང་། མཐའ་འཁོར་ཀྱི་རྒྱལ་ཁབ5ལ་ཆུ་ཁུངས་གཙང་མ་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་དྲུག་ལྷག་མཁོ་འདོན་བྱེད་ཀྱིན་ཡོད་པར་བརྟེན། ཆུ་ཁུངས་གསོག་ཚད་ཀྱི་ནུས་པ་གལ་ཆེན་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་སྐབས་དང་པོ་དང་བཟོ་སྐྲུན་སྐབས་གཉིས་པའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ཡི་དུས་ཡུན་རིང་བ་དང་གཞི་ཁྱོན་ཆེ་བ། བརྒྱུད་རིམ་རང་བཞིན་ལྡན་པ་བཅས་ཀྱི་བཟོ་སྐྲུན་ཆེན་པོ་དངོས་སུ་ལག་ལེན་བསྟར་བྱས་པའི་དབང་གིས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཇེ་ཞན་དུ་འགྲོ་བའི་རྣམ་པར་ཚོད་འཛིན་ཐུབ་པ་བྱུང་། 2016ལོ་ནས་བཟུང་འགྲོ་ལམ་སྐོར་སྲུང་དང་ཁོར་ཡུག་སློབ་གསོ་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ལས་གཞི་དང་། དེ་བཞིན་ས་ནག་བཅོས་སྐྱོང་དང་བྱེ་འགྱུར་ས་ཆ་འགོག་བཅོས། རྩྭ་ར་ཞན་འགྱུར། བརླན་ས་སྲུང་སྐྱོབ། གནོད་ཡོད་སྐྱེ་དངོས་འགོག་བཅོས་སོགས་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལས་གཞི་ཁག་གཅིག་ལག་བསྟར་བྱས་པར་བརྟེན། སྐྱེ་ཁམས་བཅོས་སྐྱོང་སླར་གསོའི་ཕན་འབྲས་མངོན་གསལ་ཅན་དུ་གྱུར།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཁྱོན་ཡོངས་ནས་ཇེ་མཐོར་ཕྱིན་ཏེ། ནགས་རྩྭའི་ཁེབས་ཚད་ཀྱིས་བརྒྱ་ཆའི་དོན་བཞི་ཡན་ཟིན་པ་དང་། ས་ནག་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་རྩ་ཁེབས་ཚད་སྔོན་གྱི་བརྒྱ་ཆའི་ཉི་ཤུ་ནས་ད་ལྟའི་བརྒྱ་ཆའི་བརྒྱད་ཅུ་ཡན་ལ་འཕར་ཡོད་ཅིང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་རྩྭ་ཁེབས་ཚད་དེ2020ལོར་བརྒྱ་ཆའི་རེ་གཅིག་དང་གྲངས་ཆུང་དགུ་ཟིན་པ་དང་། 2015ལོ་ལས་བརྒྱ་ཆའི་བཞི་དང་གྲངས་ཆུང་དྲུག་གིས་ཇེ་མང་དུ་འཕར་ཡོད་ལ། བརླན་སའི་སྔོ་རྩྭ་ཁེབས་ཚད་ཀྱིས་བརྒྱ་ཆའི་རེ་དྲུག་ཡས་མས་ཟིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།