ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས《དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་ལག་བསྟར་རྩ་གནད》པར་འགྲེམས་བྱས།
2024.10.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 16

 ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ《དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་ལག་བསྟར་རྩ་གནད》པར་འགྲེམས་བྱས།

《ལག་བསྟར་རྩ་གནད》ལས་བསྟན་དོན། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་གྱིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རིག་གནས་འབོད་སྐུལ་དང་།  དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རིག་གནས་ཀྱིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་འོག  ཟིལ་རླབས་དགུང་འཕྱུར་གྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལག་ལེན་གྱིས་རང་རེའི་དམག་དཔུང་གི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་སྙིང་སྟོབས་མངོན་པ།  རྒྱལ་ཁ་ལེན་པར་འདེགས་སྐྱོར་བྱེད་པ་བཅས་ཀྱི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རིག་གནས་སྐྱེད་སྲིང་བྱས་ནས། རང་རེའི་དམག་དཔུང་ལ་རང་སྟོབས་རང་སྤེལ་དང་།  འཐབ་ཕོད་འཐབ་མཁས།   འབད་འབུངས་ཡར་བརྩོན་བཅས་ཀྱི་སྙིང་སྟོབས་གསར་པ་སྦྱིན་ཡོད།

《ལག་བསྟར་རྩ་གནད》ལས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རིག་གནས་ཀྱིས་མར་ཁེ་སིའི་རིང་ལུགས་ཀྱི་དམག་དོན་རིགས་པའི་གཞུང་ལུགས་ཀྱི་བསམ་བློའི་ཉིང་བཅུད་བརྟན་སྲུང་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་དམག་དོན་རིག་གནས་ཀྱི་ཁྱད་ཆོས་བསྡུ་ལེན་བྱེད་པ།  དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བསམ་བློ་བླ་སྲོག་ཏུ་འཛིན་པ་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལག་ལེན་ཕྲག་ཏུ་འཁུར་བ་བཅས་ཀྱི་ཐད་ལ།   ཏང་གི་བཀོད་འདོམས་ལ་ཉན་པ་དང་།  རྒྱལ་ཁ་ལེན་ཐུབ་པ།  སྤྱོད་ཚུལ་བཟང་བ་བཅས་ཀྱི་བསམ་པའི་དོན་གཉེར་ཟབ་མོ་འདུས་ཡོད་པ་དང་།  དེ་ནི་དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཡིན་ལ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་བྱས་ཏེ་གསར་གཏོད་བྱས་པའི་སྔོན་ཐོན་དམག་དོན་རིག་གནས་ཀྱི་རྣམ་པ་གསར་པ་ཞིག་ཀྱང་ཡིན་པ་གསལ་བོར་བསྟན་ཡོད།

《ལག་བསྟར་རྩ་གནད》ལས་ནན་གྱིས་བསྟན་དོན།  དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རིག་གནས་དར་རྒྱས་གོང་འཕེལ་གཏོང་བར་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་དམག་ཡོངས་ལ་དྲག་ཆས་སྤྲས་པ་དང་དཔོན་དམག་ལ་སློབ་གསོ་གཏོང་བར་དམིགས་པ་དང་། “ཡོད་པ་བཞི་”ཡི་གསར་བརྗེའི་དམག་མི་གསོ་སྐྱོང་དང་“ སྲ་མཁྲེགས་བཞི”ཡི་ཉམས་སད་ཐེག་ཐུབ་པའི་དམག་དཔུང་འཛུགས་སྐྲུན་བྱེད་པར་དམིགས་པ། བློ་སྟོབས་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། དམག་འཐབ་ལ་བརྟེན་ནས་ངར་ཤུགས་སྐྱེད་པ། སྤྱོད་བཟང་དར་སྤེལ་གཏོང་བ་བཅས་བྱས་ཏེ།  དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་དང་། མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲར་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་བསམ་བློའི་ཁྲིད་སྟོན་གྱི་ནུས་པ་དང་། རིན་ཐང་གསར་གཏོད་ཀྱི་ནུས་པ། བསམ་པའི་སྒུལ་ཤུགས་བཅས་ཧ་ཅང་ཆེན་པོ་འདོན་སྤྲོད་བྱེད་དགོས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རིག་གནས་ཀྱི་རྩ་བ་དང་བླ་སྲོག་ཟབ་མོ་འཛུགས་པ་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རིག་གནས་ཀྱི་སྦྱོང་བརྡར་ལ་རྒྱལ་ཁ་ལེན་པའི་ཁ་ཕྱོགས་འཛུགས་པ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རིག་གནས་ཀྱི་ཞབས་ཞུ་མཁོ་འདོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་རིག་གནས་ཁྱབ་སྤེལ་གྱི་ཤུགས་རྐྱེན་ཆེ་རུ་གཏོང་བ་བཅས་བྱེད་དགོས།

《ལག་བསྟར་རྩ་གནད》ལས། རིམ་པ་སོ་སོས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས་པ་དང་། སྟོབས་ཤུགས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་ལས་དཔུང་སྡེ་དང་སྦས་ཤུགས་སྔོག་འདོན་གྱི་ལས་ཞོར་སྟོབས་ཤུགས་དམ་འཛིན་ཡག་པོ་བྱེད་དགོས་པ། བྱེད་ཐབས་རྒྱ་སྐྱེད་དེ་ཚན་རྩལ་ལ་བརྟེན་ནས་འཇོན་ཐང་འཕེལ་བ་དང་དཔོན་དམག་ཞུགས་པར་མཐོང་ཆེན་བྱེད་དགོས་པ། གྲོན་ཆུང་བསྲི་ཚགས་ནན་ཏན་དང་དཀའ་སྤྱད་འབད་འཐབ་ཀྱིས་བརྩོན་བསྲིས་དམག་འཛུགས་ཀྱི་བླང་བྱ་ལག་བསྟར་བྱས་ཏེ། བག་མེད་ཆུད་ཟོས་སུ་མི་འགྲོ་བ་དང་བེད་མེད་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།