ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་ཆེན་ཞིང་ཕྱུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་བཙུགས་ཏེ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་བསྐྱོད་དེ། གྲོང་གསེབ་དར་སྤེལ་གཏོང་བ་དང“དམངས་ཆེན་འཐུས་མི་གྲོང་གསེབ་ཏུ་སྐྱོད་པའི”བྱེད་སྒོ་སྤེལ་བར་མ་ཟད། གོམ་སྟབས་གཅིག་མཚུངས་ངང་འཐུས་མིའི་གྲོས་འགོ་གཙོ་གནད་དུ་བསྒྲུབ་རྒྱུར་ལྟ་སྐུལ་བྱས།
རྟོག་ཞིབ་ཚན་ཆུང་སྔ་རྗེས་སུ་ལི་ཏུའུ་ཆུའུ་ཧུང་ཧྲུའེ་གྲོང་རྡལ་ཝང་ཅ་ཞོལ་མ་གྲོང་ཚོ་དང་ཡོན་ཅ་ཀྲོང་གྲོང་ཚོ། གྲོ་ཚང་གྲོང་རྡལ་ཝའེ་ཅཱ་གྲོང་ཚོ། ཧྲོའུ་ལེ་གྲོང་རྡལ་ཞུའེ་ཅ་ཀྲོང་གྲོང་ཚོ་བཅས་སུ་བསྐྱོད་དེ། ཚོད་དཀར་བསྡུ་ལེན་དང་བཤས་ཕྱུགས་གསོ་སྤེལ་རྟེན་གཞི། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། “ལི་ཏུའུ་ཡིས་སྤུས་ལེགས་དང་གྲང་སིལ་སྔོ་ཚོད་ཐོན་ལས་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་འགོ”གཉེར་བའི་གནས་ཚུལ་ལ་ཞིབ་བཤེར་དང་རྒྱུས་ལོན་བྱས། ཐུན་རིན་གྲོང་ཁྱེར་བཙན་མོ་ཡུལ་ཚོ་སོགས་སུ་སྤྲོ་གསེང་ཞིང་ལས་རྟེན་གཞི་དང་གཟན་རྩྭ་འདེབས་འཛུགས་རྟེན་གཞི། སྒོ་ང་དང་བྱ་རིགས་གསོ་སྤེལ་རྟེན་གཞི་བཅས་ལ་ལྟ་སྦྱོང་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།
རྟོག་ཞིབ་ཚན་ཆུང་གིས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ནས་ཐོན་ལས་ཕྲེང་འབྲེལ་ཧྲིལ་པོ་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལྷག་པར་དུ་བསྐྲུན་ཟིན་པའི་ཐོན་ལས་རྣམ་གྲངས་ལ་དུས་ཐོག་ཏུ་རྗེས་འདེད་གཏོང་ཐུབ་པ་བྱས་ཏེ། འཕེལ་རྒྱས་གཏོང་བའི་ཁྲོད་གནས་པའི་ཕན་འབྲས་ཞན་པ་དང་གཉེར་སྐྱོང་ཤར་གཏོང་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཞིབ་འཇུག་དང་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་རོགས་སྐྱོར་བྱེད་ཐབས་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། གསར་སྐྲུན་དང་འཛུགས་གྲབས་ཡོད་པའི་ཐོན་ལས་རྣམ་གྲངས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལས་གཞིའི་མ་དངུལ་དང་ལས་གཞིའི་སྤུས་ཚད་ལ་ལྟ་འདོམས་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ལས་གཞི་ལག་བསྟར་བྱས་ཆོག་པའི་རང་བཞིན་ལ་དཔྱད་འཇོག་མ་ནོར་བ་བྱས་ཏེ། ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་བྱེད་དགོས་ཞེས་བསྟན།
རྟོག་ཞིབ་ཚན་ཆུང་གིས་དམངས་ཆེན་འཐུས་མིའི་གྲོས་འགོ་སྒྲུབ་གཉེར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་སྲིད་གཞུང་སྡེ་ཁག་གི་འགན་འཁྲི་གལ་ཆེན་ཞིག་ཡིན་པས། སྒྲུབ་གཉེར་ལས་ཁུངས་ཀྱིས་གནས་ཚུལ་གསར་པར་རྒྱུན་ཆད་མེད་པར་ཞིབ་འཇུག་བྱེད་རྒྱུ་དང་། ཉམས་མྱོང་གསར་པ་ཕྱོགས་སྡོམ་བྱེད་མཁས་བྱེད་པ། སྲིད་ཇུས་གསར་པ་དུས་ཐོག་ཏུ་འདོན་པ། བྱེད་ཐབས་གསར་པ་དོན་འཁྱོལ་བྱ་རྒྱུར་ཤུགས་རྒྱག་པ། གནད་དོན་ཐག་གཅོད་བྱེད་པ་དང་དོན་འཁྱོལ་བྱེད་ཚད་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་རྒྱུ་དེ་འགོ་འཛུགས་སར་བྱེད་པ། བྱེད་ཐབས་ཇེ་ལེགས་སུ་གཏོང་བ་དང་མཐུན་སྦྱོར་ལ་ཤུགས་སྣོན་པ། འཐུས་མི་དང་འབྲེལ་གཏུག་བྱ་རྒྱུར་མཐོང་ཆེན་བྱེད་པ་བཅས་བྱས་ནས། བཏོན་པའི་ལམ་ལུགས་དང་བྱེད་ཐབས་ལ་དམིགས་འབེན་རང་བཞིན་ལྡན་པ་དང་རང་གཤིས་ཅན་མངོན་པ། དངོས་ཕན་རང་བཞིན་མངོན་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།