ན་གོར་མོ་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭས་འཛམ་གླིང་གི་ལས་རིགས་སློབ་གླིང་དང་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེན་མོའི་ཁྲོད་གྲུབ་འབྲས་བཟང་པོ་བླངས།
2024.11.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ10པའི་ཚེས27ཉིན་ནས་ཚེས30ཉིན་བར། 2024ལོའི་འཛམ་གླིང་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་རྟིང་རྩོད་འགྲན་བསྡུར་ཧྲན་ཏུང་ཞིང་ཆེན་ཏི་ཀྲིག་གྲོང་ཁྱེར་དུ་བསྡུས།     རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོ་དང་དེ་མིན་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་རུ་ཁག65ཡི་ཁྲོད་བདམས་ཐོན་བྱུང་བའི་འགྲན་ཞུགས་པ182ཏི་ཀྲིག་ཏུ་འཛོམས་པ་དང་།     མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་ཡའོ་ཡུན་ཧྥེ་དང་།    ཀུན་ཞའོ་ཞ།    ཀྲང་ཀྲི་ཧུའེ་བཅས་ཀྱིས་སློབ་མ་མཱ་ཡིག་ཞན་དང་།    ཁྲིན་མའོ་ལུང་།    མཱ་ཧྲའོ་ཧྭ་བཅས་ལ་མཛུབ་ཁྲིད་བྱས་ནས“2024ལོའི་འཛམ་གླིང་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་རྟིང་རྩོད་འགྲན་བསྡུར་ཏེ།    རླངས་འཁོར་གྱི་རྣམ་པ་སླར་གསོ་དང་མཛེས་བཟོའི་འགྲན་བསྡུར”ཁྲོད་ཟངས་ཀྱི་བྱ་དགའ་ཐོབ།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ཆེན་མོ་ནི་སློབ་གསོ་པུའུ་དང་།    རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།    ཚན་རིག་ལག་རྩལ་པུའུ་སོགས་སྡེ་ཁག་35ཡིས་གཙོ་སྒྲུབ་བྱས་པའི་སྤྱི་ཕན་རང་བཞིན་དང་རྒྱལ་སྤྱིའི་རང་བཞིན་གྱི་ལས་རིགས་སློབ་གླིང་གི་སློབ་གྲྭའི་ཕྱོགས་བསྡུས་རྩལ་ནུས་འགྲན་བསྡུར་ཞིག་རེད།    ན་གོར་མོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་རླངས་འཁོར་སླར་གསོའི་ཆེད་ལས་ཀྱི་དགེ་སློབ་ཚོས་2024ལོའི་ཟླ3པར་མཚོ་སྔོན་ཞིང་ཆེན་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་མིང་ཐོག་ནས་ཐེངས་འདིའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོའི་ནང་ཞུགས་རྒྱུར་འོས་སྦྱོར་བྱས།

ད་ལོ་ནས་བཟུང་།  རྒྱལ་ཡོངས་ཀྱི་ལས་རིགས་སློབ་གླིང་གི་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེན་མོ་དེ་འཛམ་གླིང་གི་ལས་རིགས་སློབ་གླིང་གི་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེན་མོར་རིམ་སྤོར་བྱས་པ་དང་། དེ་ལས་ཀྲུང་གོའི་ལས་རིགས་སློབ་གསོས་འཛམ་གླིང་ཅན་གྱི་འཕེལ་རིམ་ཁྲོད་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་པ་དང་། རྒྱལ་སྤྱིའི་གར་སྟེགས་སྟེང་ཀྲུང་གོའི་ལས་རིགས་སློབ་གསོའི་ཤུགས་རྐྱེན་ཐེབས་ཤུགས་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཀྲུང་གོའི་ན་གཞོན་གྱི་རྩལ་ནུས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཉམས་འགྱུར་གསར་པ་མངོན་ཡོད།     འགྲན་བསྡུར་ལས་རླངས་འཁོར་སླར་གསོའི་ལག་རྩལ་ཁྱབ་ཁོངས་ལ་དམིགས་ཏེ། ཕྱོགས་ཡོངས་ནས་འགྲན་ཞུགས་པའི་རྩལ་ནུས་ཆུ་ཚད་དང་།    ལས་རིགས་བྱང་ཚད།    བཀོལ་སྤྱོད་རིན་ཐང་།    ཚོགས་པའི་མཉམ་ལས།    གསར་གཏོད་བསམ་བློའི་ནུས་པ་སོགས་རྒྱུ་རྐྱེན་གཙོ་བོ་ལྔ་ལ་བསམ་གཞིག་བྱས་པ་དང་། དེའི་དམིགས་ཡུལ་ནི་འགྲན་བསྡུར་ནང་ཞུགས་མཁན་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཁྱོན་ཡོངས་ནས་མངོན་པར་བྱས་ཏེ་འགྲན་བསྡུར་བྱ་ཆེད་རེད།

ཤ་བོ་རིན་མཚོས་བསྒྱུར།