ས་གནས་སོ་སོས“རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་བསྐྱར་དར་ཡོང་བར་རང་ཉིད་ཡོད”ཅེས་པ་ལ་དམ་པོར་དམིགས་ཏེ། མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་གཅིག་སྡུད་བྱས།
ཐེན་ཅིན་གྱིས་དྲིལ་སྒྲོག་གི་རྣམ་པ་གསར་གཏོད་བྱས་ནས། གཏམ་བཤད་དང་གླུ་ལེན་སོགས་ཀྱི“རིག་གནས་ལ་བརྟེན་ནས་མི་སེམས་བརླན”ཞེས་པའི་ཁྱད་ཆོས་ལྡན་པའི་བྱེད་སྒོ་སྤེལ་ཏེ། “རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་བསྐྱར་དར་ཡོང་བར་རང་ཉིད་ཡོད”ཅེས་པའི་བརྗོད་དོན་དེ་ཉིད་རྒྱུན་ལྡན་གྱི་འཚོ་བའི་ནང་འདྲེས་པར་བྱས། གཟའ་འཁོར་རེའི་གཟའ་པ་སངས་ཉིན་གྱི་ཐེན་ཅིན་ཟློས་གར་ཁང་གི་བརྗོད་དོན་ལེ་ཚན་གྱིས་གྲོང་མི་དང་ཡུལ་སྐོར་བ་མང་པོའི་སྤྲོ་བ་རབ་ཏུ་འཕེལ་བར་བྱས།
ཀན་སུའུ་ཡིས་དྲིལ་སྒྲོག་སློབ་གསོའི་བྱེད་སྒོའི་གཞི་རྟེན་རྒྱུན་ཆད་མེད་པར་སྣ་མང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། སྒྲོག་འགྲེལ་འགྲན་བསྡུར་ཆེན་མོ་དང་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་ཐེངས8000ལྷག་རྩ་འཛུགས་བྱས་ཏེ་དངོས་སུ་སྤེལ། ཅཱ་ཡུས་ཀོན་དུ། ས་གནས་དེ་གས་ལྕགས་རི་རིང་པོའི་རིག་གནས་དམ་འཛིན་བྱ་གཞིར་བྱས་ཏེ། ཞིབ་འཇུག་སློབ་སྦྱོང་དང་འཆད་ཁྲིད། འགྲེམས་སྟོན་སོགས་བྱས་ནས། ལྕགས་རི་རིང་པོའི་རིག་གནས་མངོན་པར་བྱས་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བྱས།
ཀོང་ཞི་ཡིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་སོགས་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་ཆེ་གྲས་བཅུ་སྤེལ་བར་མ་ཟད། “ཤེས་རིག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བའི”བྱ་སྤྱོད་དེ་དྲིལ་སྒྲོག་སློབ་གསོའི་བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ཏེ། སྤྱོད་གཙང་གི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐབས་ཤེས་བརྒྱུད་དེ། སྲོལ་བརྗེས་ལུགས་སྒྱུར་ལ་སྐུལ་འདེད་བཏང་བ་དང་དུས་རབས་ཀྱི་སྲོལ་གསར་དར་སྤེལ་བཏང་།
ཧེ་ལུང་ཅང་གིས་བརྗོད་དོན་འགྲེམས་སྟོན་དང་རིག་རྩལ་འཁྲབ་སྟོན། འཁྲབ་ཚན་འགྲེམས་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི་ལྷག་ཙམ་སྤེལ། མུའུ་ཏན་གཙང་པོ་རུ། “ལོ་ངོ་བདུན་ཅུ་དོན་ལྔ་ཡི་འོད་སྟོང་འཕྲོ་བའི་བགྲོད་ལམ་སྟེང་ཡང་བསྐྱར་མདུན་སྐྱོད་བྱེད”ཅེས་པའི་བརྗོད་དོན་གྲུབ་འབྲས་འགྲེམས་སྟོན་དེ་དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་གྱི་སྒོ་ནས་འགྲེམས་སྟོན་བྱེད་བཞིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།