ཟི་ལིང་གི་ལྗང་མདོག་འཕེལ་རྒྱས་སྟོན་གྲངས་སླར་ཡང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས།
2024.11.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ10པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་དང་།    ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།    ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན།    ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས《2023ལོའི་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལོ་འཁོར་གྱི་གདེང་འཇོག་འབྲས་བུའི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ནས། 2023ལོའི་ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ལྗང་མདོག་འཕེལ་རྒྱས་ཀྱི་སྟོན་གྲངས་དང་།    རིམ་པ།    སྤྱི་དམངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལ་བློ་ཡིད་ཚིམ་ཚད་བཅས་ཁྱབ་བསྒྲགས་བྱས།     གདེང་འཇོག་གི་འབྲས་བུ་ལ་བལྟས་ན།    ཟི་ལིང་གྲོང་ཁྱེར་གྱི་ལྗང་མདོག་འཕེལ་རྒྱས་སྟོན་གྲངས89.03ཟིན་ནས་གྲོང་ཁྱེར་དང་ཁུལ8ཀྱི་ཁྲོད་ཨང་དང་པོར་སླེབས་ཡོད།

རྒྱུས་ལོན་པ་ལྟར་ན།    མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལོ་འཁོར་གདེང་འཇོག་དེ《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་འཕེལ་རྒྱས་དམིགས་འབེན་མ་ལག》གཞིར་བཟུང་ནས་རྩ་འཛུགས་ལག་བསྟར་བྱས་པ་དང་། ལྗང་མདོག་འཕེལ་རྒྱས་སྟོན་གྲངས་ལ་ཕྱོགས་བསྡུས་སྟོན་གྲངས་བྱེད་ཐབས་སྤྱད་ནས་ཚད་ལེན་ཞིབ་རྩིས་བྱས་པའི་ནང་ཐོན་ཁུངས་བེད་སྤྱོད་དང་།   ཁོར་ཡུག་བཅོས་སྐྱོང་།    ཁོར་ཡུག་སྤུས་ཚད།    སྐྱེ་ཁམས་སྲུང་སྐྱོབ།    སྤུས་ཚད་མཐོར་གཏོང་།    ལྗང་མདོག་འཚོ་བ།    སྤྱི་དམངས་བློ་ཡིད་ཚིམ་ཚད་བཅས་ཕྱོགས7དང་བསྡོམས་པས་གདེང་འཇོག་སྟོན་གྲངས47ཚུད་ཡོད།     ད་ལོ་ཟི་ལིང་གྲོང་ཁྱེར་གྱིས་རླུང་ཁམས་ཆེན་མོའི་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་ལྟེ་བར་བྱས་ནས། དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས《ཟི་ལིང་གྲོང་ཁྱེར་གྱི་མཁའ་དབུགས་སྤུས་ཚད་རྒྱུན་མཐུད་སྒོས་ཇེ་ལེགས་སུ་གཏོང་བའི་བྱ་སྤྱོད་འཆར་གཞིའི་ལག་བསྟར་ཇུས་གཞི》སོགས་འབྲེལ་ཡོད་ཇུས་གཞི་བཟོས་ཏེ། སྦགས་བཙོག་དུས་མཚམས་ཀྱི་ཁྱད་ཆོས་ལ་གཞིགས་ནས་སྔོན་ལ་ཁ་གཏད་འཇལ་བའི་བྱ་བ་བཀོད་སྒྲིག་བྱེད་པ་དང་།    རླུང་ཁམས་ཆེན་མོའི་སྦགས་བཙོག་གི་གནད་དོན་མངོན་གསལ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཏེ། མཁའ་རླུང་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་།

ཟི་ལིང་གྲོང་ཁྱེར་གྱིས“100%བཅུ་ཅན་གྱི”ཐལ་རྡུལ་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་ནས།    འཕྲུལ་ཆས་ཅན་གྱི་བརླན་བཤེར་བྱ་བ་སྤེལ་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས་ས་རྡོ་འདྲུད་མཁན་གྱི་རླངས་འཁོར་སྟེང་འདམ་བག་དྲུད་ནས་ལམ་དུ་བསྐྱོད་པ་སོགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན།     འབྱུང་རྩ་ནས་རྡོ་སོལ་ཁྲོམ་རའི་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་བསྣན་ཏེ་དུ་བ་ནག་པོ་དང་མཇུག་རླངས་རྒྱང་ཚོར་སྒྲིག་ཆས་སྤྱད་དེ་ལམ་བཤེར་ཞིབ་བཤེར་དང་། ཁྲའེ་སྣུམ་དང་ཟོག་འདྲེན་རླངས་འཁོར་སོགས་རིགས་སོ་སོའི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཚད་གཞི་ལས་བརྒལ་ནས་འབུད་པའི་བྱེད་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་།     གཙོ་གནད་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་།    ཡལ་སླའི་རང་བཞིན་གྱི་སྐྱེ་ལྡན་དངོས་པོ་དང་གཙོ་གནད་ལས་རིགས་ལ་ཁྲིམས་བསྟར་ཞིབ་བཤེར་བྱེད་པའི་ཐེངས་གྲངས་ཇེ་མང་དུ་བཏང་སྟེ། ནམ་མཁའ་སྔོ་ཞིང་བསངས་པའི་འབྲས་བུ་བརྩོན་ལེན་བྱས།

ཤ་བོ་རིན་མཚོས་བསྒྱུར།