ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་གྱི་སྤུས་རྟགས་འཛད་སྤྱོད་ཟླ་བ་དེ་ཟླ་11པའི་ཚེས3ཉིན་ཧྲང་ཧའེ་རུ་འགོ་རྩོམ་མཛད་སྒོ་བསྡུས་པ་དང་། ཧྲང་ཧའེ་ཡི་དངོས་མང་བཤམ་སྟོན་འཛད་སྤྱོད་ཅཱ་ཉན་ཧྭ་ཡི་བྱ་འགུལ་དུས་མཉམ་དུ་སྤེལ།
ཟླ11པའི་ཚེས3ཉིན། ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་གྱི་སྤུས་ལེགས་འཛད་སྤྱོད་ཟླ་བ་ཧྲང་ཧའེ་རུ་སྤེལ་བའི་ཡུལ་དངོས།
“འཛད་སྤྱོད་ཡར་སྐུལ་བྱེད་པའི་བྱ་སྤྱོད”ཀྱི་མཚོན་བྱེད་རང་བཞིན་གྱི་བྱ་འགུལ་དང“འཛད་སྤྱོད་ཡར་སྐུལ་ལོའི”བྱ་བ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཚོང་དོན་པུའུ་ཡིས་ཧྲང་ཧའེ་དང་། པེ་ཅིང་། ཀོང་ཀྲིག། ཐེན་ཅིན། ཁྲུང་ཆིན་བཅས་རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་སྐྱེད་སྲིང་དང་འཛུགས་སྐྲུན་གྲོང་ཁྱེར་ལྔ་རུ་ཚོགས་འདུ་འཚོགས་ཏེ། ཟླ11པར་རྩེར་སོན་འཛད་སྤྱོད་ཟླ་བ་སྤེལ། བྱ་འགུལ་ལ“1+4+N”ཡི་རྣམ་པའི་ཐོག་ནས་སྤུས་དག་ཐོན་རྫས་ཐོག་མར་འགྲེམས་སྤེལ་བྱས་པ་དང་། སྤུས་དག་ཉོ་སྒྲུབ་དང་སྤུས་དག་ཟས་རིགས། སྤུས་དག་ཡུལ་སྐོར། སྤུས་དག་འགྲེམས་འཁྲབ་བཅས་ཁག་ཆེན་པོ་བཞིར་དམིགས་ནས་འཛད་སྤྱོད་སྐུལ་སྤེལ་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་འཛད་སྤྱོད་ཀྱི་སྤུས་ཚད་དང་ཤོང་ཚད་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
འགོ་རྩོམ་མཛད་སྒོའི་སྟེང་ཧྲང་ཧའེ་དང་། པེ་ཅིང་། ཀོང་ཀྲིག ཐེན་ཅིན། ཁྲུང་ཆིན་བཅས་གྲོང་ཁྱེར་ལྔས་རང་གྲོང་ཁྱེར་གྱི་གཙོ་གནད་བྱ་འགུལ་དང་བྱེད་ཐབས་ཡོངས་བསྒྲགས་བྱས། ཀྲུང་གོའི་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་སོགས་ལས་རིགས་མཐུན་ཚོགས་ཀྱིས་མཉམ་འབྲེལ་གྲོས་འགོ་དང་སྒྲིག་ཆས་ཆ་ཚང་བའི་བྱེད་ཐབས་ཡོངས་བསྒྲགས་བྱས། ཧྲང་ཧའེ་དང་། པེ་ཅིང་། ཀོང་ཀྲིག། ཐེན་ཅིན། ཁྲུང་ཆིན་སོགས་ཀྱི་གཙོ་གནད་ཚོང་རྭ་དང་། རྐང་ཐང་ཁྲོམ་ལམ། ཁེ་ལས་འཐུས་མི་བཅས་ཀྱིས་ཁྱད་ལྡན་བྲིན་སྐུལ་བྱ་ཐབས་ཁྱབ་བསྒྲགས་བྱས།
དེའི་ནང་ཧྲང་ཧའེ་ཡིས“རྣམ་པ་གསར་པ་ལྔ”གཙོ་ཐིག་ཏུ་བྱས་ཏེ། “དངོས་མང་བཤམ་སྟོན་ཚོགས་པར་ཞུགས་སྐབས་ཐོག་མར་བཏོན་པའི་འཕེལ་ཕྱོགས་གསར་པ”དང་། “འཛམ་གླིང་ཞིམ་ཟས་ཀྱི་བྲོ་བ་གསར་པ།”“ཟོང་རྟགས་ཉོ་སྒྲུབ་ཀྱི་ཕན་བདེ་གསར་པ།”“གྲོང་ཁྱེར་གྱི་སྤྲོ་སྐྱིད་ཡུལ་སྐོར་གྱི་རྣམ་པ་གསར་པ།”“འཛད་སྤྱོད་མཉམ་འགུལ་གྱི་ཉམས་ལེན་གསར་པ”བཅས་ལ་དམིགས་ཏེ། ཤུགས་ཚད་སྔར་ལས་ཆེ་བའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་སྐོར་ཞིག་བཏོན་པ་དང་། ཤུགས་རྐྱེན་སྔར་ལས་ཆེ་བའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྐོར་ཞིག་གཉེར་བ། སྔར་ལས་མཛའ་བརྩེའི་ཁོར་ཡུག་ལེགས་པའི་བྱ་ཐབས་སྐོར་ཞིག་ལག་བསྟར་བཅས་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བའི་ཐོག་ནས་འཛད་སྤྱོད་ཟླ་བ་དང་འཛད་སྤྱོད་ཅཱ་ཉན་ཧྭའི་དུས་ཆེན་ལ་ནུས་པ་འདོན་སྤེལ་བྱས།
ཤ་བོ་རིན་མཚོས་བསྒྱུར།