ཟླ11ཚེས5ཉིན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྐབས་བདུན་པ་ཧྲང་ཧའེ་རུ་འཚོགས་འགོ་བརྩམས། མཚོ་སྔོན་ཉོ་ཚོང་ཚོགས་པས་ཉོ་ཚོང་ཡན་ལག་ཚོགས་པ8བཙུགས་ནས། ཁྱོན་བསྡོམས་སྡེ་ཁག413གྱི་མི823ཚོགས་འདུར་ཞུགས། ལོ་བདུན་རིང་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུར་གོ་ལ་ཧྲིལ་པོའི་མཉམ་ལས་གཉིས་ཕན་གྱི་ལས་སྟེགས་བསྐྲུན་པ་དང་། མཚོ་སྔོན་གྱིས་མཉམ་ལས་ཀྱི་ལྷག་བསམ་རྣམ་དག་གིས་ཉོ་ཚོང་ཚོགས་པ་བཙུགས་ནས་ལོ་རེར་ཐེངས་གཅིག་སྤེལ་བའི་དངོས་མང་བཤམས་སྟོན་ཚོགས་འདུར་ཞུགས་ནས། བཅོས་སྒྱུར་ཟབ་སྤེལ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་གཉིས་ཕན་མངོན་འགྱུར་བྱས་ཡོད།
ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་བསྒྲུབས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་སྡེ་ཁག1500ལྷག་རྩ་འཛུགས་བྱས་ཏེ་འགྲེམས་སྟོན་ལ་ཞུགས་ནས་ཆེད་དོན་འོས་སྦྱོར་བྱ་འགུལ་ཐེངས་མང་སྤེལ་ཏེ། ཨ་རི་དང་། རོས་ཧྲི། པར་ཙིར། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ23གྱི་འགྲེམས་སྟོན་ལ་ཞུགས་མཁན་ཚོང་པ་དང་མཉམ་ལས་བྱས་ནས། ཉོ་སྒྲུབ་གྲོས་མཐུན་ལ་མིང་རྟགས་བཀོད་ཚད་རིམ་རྩིས་བྱས་ན་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ལྷག་ཟིན་ཡོད།
མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུ་སྒྲུབ་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རེས་སྐོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་དང་། རང་རྒྱལ་གྱིས་འཛམ་གླིང་ལ་རང་འགུལ་ངང་ཁྲོམ་ར་སྒོ་འབྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་གྱིས་ཧུར་ཐག་གིས་དང་ལེན་བྱས་ནས་བྱ་བའི་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་ཡོད། ཧྲིན་ཀྲང་གཞོན་པས་ཚོགས་གཙོའི་འགན་འཁུར་བ་དང་། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་ཚོང་དོན་ཐིན་སོགས་ལས་ཁུངས17གྱི་འགན་འཁུར་བློ་མཐུན་ཁོངས་མི་ཡིན་པའི་མཚོ་སྔོན་གྱི་ཉོ་ཚོང་ཚོགས་པ་བཙུགས། ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཉོ་ཚོང་ཡན་ལག་ཚོགས་པ་8བཙུགས་པའི་ནང་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ་བཅས་ས་གནས་གསུམ་གྱི་ཉོ་ཚོང་ཡན་ལག་ཚོགས་པ་དང་། ཚོང་དོན་འཁོར་རྒྱུག འཕྲོད་བསྟེན་བདེ་ཐང་། རྒྱལ་དབང་ཁེ་ལས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མཁོ་ཚོང་མཉམ་འབྲེལ་ཁང་བཅས་ལས་རིགས་དང་སྡེ་ཁག5ཡི་ཉོ་ཚོང་ཡན་ལག་ཚོགས་པ་འདུས་ཡོད། སྐབས་འདིའི་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་འདུའི་ཐོག་མཚོ་སྔོན་གྱིས་ཐོན་སྐྱེད་སྒྲིག་ཆས་དང་། རྫས་འགྱུར་བཟོ་ལས་རྒྱུ་ཆ། ནང་འདྲེན་ཟས་རིགས། མངའ་ཁོངས་ཕྱི་རོལ་གྱི་དངུལ་གཏོང་སོགས་ཀྱི་རྣམ་གྲངས་ཉོ་སྒྲུབ་བྱེད་རྩིས་ཡོད་པ་དེས། སྲོལ་རྒྱུན་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་དང་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད་ངེས་རེད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།