ཟླ11ཚེས5ཉིན། ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས25པ་ཐོན་ལ་ཡོད་པའི་སྐབས་སུ། གསར་འགྱུར་བྱ་བ་སྒྲུབ་མཁན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་བརྒྱུད་བསྒྲགས་བྱེད་ཆེད། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་གསར་འགྱུར་བྱ་བ་སྒྲུབ་མཁན་མཐུན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱི་གསར་འགྱུར་བཅར་འདྲི་དང་འཕྲིན་སྤེལ་གྱི་འགན་འཁྲི་ལག་བསྟར་བྱེད་པའི་ཁྲོད་རྨས་ཕོག་ནས་དབང་པོ་སྐྱོན་ཅན་དུ་གྱུར་པ་དང་ནད་ལྗིད་མོ་ཕོག་པའི་གསར་འགྱུར་བྱ་བ་སྒྲུབ་མཁན8ལ་འཚམས་འདྲི་བྱས།
འཚམས་འདྲི་བྱེད་སྐབས། འབྲེལ་ཡོད་བློ་མཐུན་གྱིས་གསར་འགྱུར་བྱ་བ་སྒྲུབ་མཁན8ཀྱི་སྨན་བཅོས་དང་སླར་སོས་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཁོ་ཚོས་མཚོ་སྔོན་གྱི་གསར་འགྱུར་ལས་དོན་ལ་ཕུལ་བའི་སེམས་ཤུགས་དང་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཁོ་ཚོར་སྤྲོ་སེམས་ཆེ་ཞིང་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་པའི་འཁྱེར་སོ་རྒྱུན་འཁྱོངས་བྱེད་པར་སྐུལ་ལྕག་བྱས་པ་དང་། ནད་སྔ་མོ་ནས་དྲག་སྐྱེད་ཡོང་བའི་སྨོན་འདུན་དང་དུས་ཆེན་གྱི་འཚམས་འདྲི་བྱས། གསར་འགྱུར་ལས་བྱེད་མི་སྣའི་བྱ་བའི་ཁོར་ཡུག་དང་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། གསར་འགྱུར་སྨྱན་བྱད་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་སྟེ་མཚོ་སྔོན་གྱི་གསར་འགྱུར་ལས་དོན་དར་རྒྱས་གོང་འཕེལ་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གསར་འགྱུར་བྱ་བ་སྒྲུབ་མཁན8ཀྱིས་ཐེངས་འདིའི་འཚམས་འདྲི་ནི་རྨས་ཕོག་ནས་དབང་པོ་སྐྱོན་ཅན་དུ་གྱུར་པ་དང་ནད་ལྗིད་མོ་ཕོག་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་ལྷག་བསམ་རྣམ་དག་གིས་སེམས་ཁུར་བྱས་པ་ཞིག་ཡིན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་ཏང་གི་གསར་འགྱུར་བྱ་གཞག་ཆེད་རང་དོན་རྒྱབ་སྐྱུར་གྱིས་བྱ་བ་སྒྲུབ་པ་དང་དཀའ་སྤྱད་འབད་བརྩོན་བྱས་པར་ཚད་མཐོའི་ཁས་ལེན་བྱས་པ་ཞིག་ཀྱང་ཡིན་པས། གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་རྩ་འཛུགས་ནས་ཡོང་བའི་ལྷག་བསམ་ཟོལ་མེད་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་ཚད་མེད་ཚོར་ཐུབ་པ་བྱུང་བ་དང་། རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བླ་ན་མེད་པའི་འགན་འཁྲི་སྔར་ལས་ལེགས་པའི་ངང་བསྒྲུབ་པར་སྐུལ་ལྕག་ཐེབས་ངེས་ཡིན་པའི་ངོས་འཛིན་བྱས་པ་རེད། ཚང་མས་བཤད་རྒྱུར། གསར་འགྱུར་གྱི་འགན་འཁྲི་སྒྲུབ་སྐབས་རྨས་སྐྱོན་ཕོག་ནས་དབང་པོར་སྐྱོན་ཤོར་བ་དང་ནད་ལྗིད་མོ་ཕོག་ནའང་། བློ་སྟོབས་མི་འགྱུར་བ་དང་། ཐོག་མའི་བསམ་འདུན་མི་འགྱུར་བ། འགན་འཁྲི་མི་བརྗེད་པ། དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བཅས་བྱེད་དགོས་པ་དང་། ནམ་ཡང་འགྱོད་སེམས་མེད་པར་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་ནས། ཡིད་ཆེས་བརྟན་གཏོང་དང་། ངར་ཤུགས་གཅིག་སྒྲིལ། རང་ནུས་གང་ཡོད་ཀྱིས་རང་འཁྲིའི་བྱ་བ་ཡག་པོ་བསྒྲུབས་ཏེ། “མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་དགའ་བ། མཚོ་སྔོན་དར་རྒྱས་གཏོང་བ”བཅས་ཀྱི་ཟོལ་མེད་བརྩེ་དུང་རྒྱུན་འཁྱོངས་བྱེད་པ་དང་། མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ། མཚོ་སྔོན་གྱི་སྐད་སྒྲ་བཟང་པོ་བརྒྱུད་སྤེལ་བྱེད་པ། མཚོ་སྔོན་གྱི་དྲང་ནུས་བརྒྱུད་སྤྲོད་ཡག་པོ་བཅས་བྱས་ཏེ། དགེ་མཚན་ལྡན་ལ་སྐྱོན་བྲལ་ཡར་ཐོན་གྱི་གླེང་ཕྱོགས་དང་སྨྱན་བྱད་གཙོ་བོ་སྲ་བརྟན་དང་སྟོབས་ཆེར་གཏོང་བར་མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་འབད་བརྩོན་དང་བཀྲག་མདངས་འཚེར་བར་བྱེད་རྒྱུ་ཡིན་ཟེར།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།