མཚོ་སྔོན་གྱི་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་བྱས།
2024.11.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 44

ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བཅའ་སྡོད་ཚོང་དོན་ཐིན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་དང་ཞིང་ཆེན་སློབ་གསོ་ཐིན་དང་མཉམ་དུ་སློབ་གྲྭའི་ཟས་རིགས་བདེ་འཇགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་སློབ་གྲྭའི་ཟས་རིགས་བདེ་འཇགས་ལ་ཁྱོན་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱས། ཐེངས་འདིར་ཟ་མ་ཟ་མཁན་ཅུང་མང་བའི་སློབ་གྲྭ་དང་དེ་མིན་སློབ་གྲྭའི་བཟའ་བཅའི་རྒྱུ་ཆ་མཁོ་འདོན་བྱེད་མཁན་བཅས་གཙོ་གནད་ཞིབ་བཤེར་བྱ་ཡུལ་དུ་བྱས་ཏེ། ཟ་ཁང་གཉེར་སྐྱོང་བྱེད་མཁན(འགན་གཙང་ལེན་མཁན)གྱིས་འབྲེལ་ཡོད་གཏན་འབེབས་དང་དེ་བཞིན་ཚད་ལྡན་ངང་བཟའ་བཏུང་ཞབས་ཞུ་མཁོ་འདོན་ནན་མོ་བྱས་ཡོད་མེད། ལས་ཞུགས་མི་སྣའི་བདེ་ཐང་དོ་དམ་བླང་བྱ་དང་མཐུན་མིན།“སྔོན་འགོག་གསུམ”གྱི་སྒྲིག་ཆས་ཆ་ཚང་ཡིན་མིན། ཟས་རིགས་ཐག་གཅོད་དང་ཟ་མ་བཟའ་སའི་ཁོར་ཡུག་གཙང་མ་ཡིན་མིན་བཅས་ལ་ཞིབ་བཤེར་བྱས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་བཟའ་བཅའི་རྒྱུ་ཆ་མཁོ་འདོན་བྱེད་མཁན་གྱི་ཚོང་པར་ཉོ་སྒྲུབ་གྲོས་མཐུན་ནན་མོར་གཞིགས་ནས་བཟའ་བཅའི་རྒྱུ་ཆ་སྤུས་ཚད་མཐོ་བའི་མཁོ་འདོན་ཡག་པོ་བྱས་ཏེ་མཁོ་འདོན་བྱས་པའི་འཛིན་ཡིག་གི་བདེན་དངོས་རང་བཞིན་དང་ལུགས་མཐུན་རང་བཞིན་འགན་ལེན་བྱེད་པ་དང་། སྲན་མའི་ཐོན་རྫས་དང་ཤ་རིགས་སོགས་རུལ་སླ་བའི་ཐོན་རྫས་མཁོ་འདོན་བྱེད་སྐབས་སླར་ཡང་ཞིབ་བཤེར་བྱ་རྒྱུར་སྐུལ་འདེད་བཏང་ནས། ཚད་དང་མི་མཐུན་པའི་མ་བཅོས་རྒྱུ་ཆའི་ཐོན་ཚད་ཇེ་ཆུང་དུ་བཏང་། དུས་མཚུངས་སུ་སློབ་གྲྭའི་འགན་འཁུར་མི་སྣས་སློབ་མ་དང་མཉམ་དུ་ཟ་མ་བཟའ་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། མི་སྣའི་དོ་དམ་དང་གསོ་སྦྱོང་བཟང་པོ་བྱེད་པ་དང་། ཟ་ཁང་གི་ལས་གཉེར་མི་སྣས་གོ་རིམ་ལྟར་བཀོལ་སྤྱོད་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། སྦགས་བཙོག་ཐེབས་པར་སྔོན་འགོག་དང་། མཛོད་ཉར་བྱས་ཡོད་པའི་ཟས་རིགས་རྣམས་ལ་གཙང་བཤེར་བྱེད་པ། ཡུན་རིང་འགོར་བའི་ཟས་རིགས་གསོག་ཉར་དང་བེད་སྤྱོད་བྱེད་པར་སྔོན་འགོག་བཅས་བྱ་དགོས་པའི་བླང་བྱ་བཏོན། ཐེངས་དེར་ཞིབ་བཤེར་བྱེད་སྐབས།  བསྡོམས་པས་སློབ་གྲྭ93ལ་ཞིབ་བཤེར་དང་། དངོས་ཟོག་མཁོ་འདོན་ཚོང་པ་གསུམ་བཅས་ལ་ཞིབ་བཤེར་བྱས་ནས། གནད་དོན172ཤེས་རྟོགས་བྱུང་བ་དང་། དུས་བཅད་ལྟར་གནད་དོན136དག་ཐེར་ཡོ་བསྲང་བྱེད་དུ་བཅུག་པ་དང་། གནད་དོན་གཞན་དག་ཚང་མ་ཁོངས་གཏོགས་སློབ་གསོའི་སྡེ་ཁག་ལ་ལྟ་སྐུལ་དང་ལེགས་སྒྲིག་བྱེད་པར་རྩིས་སྤྲོད་བྱས་ཡོད། 

འབྲུག་མོས་བསྒྱུར།