ཟླ11པའི་ཚེས6ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོའི་ཏང་རྩ་འཛུགས་དང་། བཟོ་ཚོགས། ན་གཞོན་ཚོགས་པ། བུད་མེད་རྩ་འཛུགས་བཅས་ཀྱི་འགན་འཁུར་བ་དང་། དེ་མིན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ལས་བྱེད་པ་བཅས་མི300ལྷག་ཚོགས་འདུར་ཞུགས།
སྙན་ཞུའི་ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་ལེགས་མི་སྒེར། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་མཱ་མེན་ཀྲུང་གིས་གདན་ཞུས་ལྟར་ཆེད་དོན་ཟུར་ཁྲིད་བྱས། མཱ་མེན་ཀྲུང་གིས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས》ཞེས་པ་བརྗོད་གཞིར་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་བརྒྱུད་རིམ་ངོ་སྤྲོད་བྱས་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་དུ་སྐྱོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཕེལ་རྒྱས་སུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་བཞིའི་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ནང་དོན་དང་། དོན་སྙིང་། བླང་བྱ་བཅས་འགྲེལ་བཤད་གཏིང་ཟབ་བྱས། ཆེད་དོན་སྙན་ཞུའི་ཚོགས་འདུའི་ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་། རིགས་པའི་གཞུང་ལུགས་གཏིང་ཟབ་པ། དོན་དངོས་དང་ཟུང་འབྲེལ་བཅས་བྱས་པར། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་རིན་ཐང་ལྡན།
ཚོགས་འདུ་གྲོལ་རྗེས་ཚོགས་ཞུགས་མི་སྣས་མྱོང་ཚོར་ཟབ་མོ་ཐོབ་བྱུང་ཞེས་བསྟན། ཚང་མས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་མི་རིགས་ལས་དོན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ངོས་འཛིན་མཐོར་གཏོང་དང་སློབ་སྦྱོང་དམ་འཛིན་ཡག་པོ་བྱས་ཏེ། གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ལས་ཁུངས་སུ་སྐྱོད་པའི“བྱེད་ཐབས་ཁག་བདུན”གཙོ་གནད་དུ་བཟུང་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་དུ་འབུལ་རྒྱུ་ཡིན་ཟེར། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་བྱེད་རྒྱུ་གོ་སྐབས་སུ་བྱས་ཏེ། ལས་ཁུངས་ཀྱི་དགེ་མཚན་འདོན་སྤེལ་དང་། དཔེ་སྟོན་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། “མི་རིགས་མཐུན་སྒྲིལ་དང་། ལས་ཁུངས་སེམས་མཐུན”གྱི་ལྟ་སྦྱོང་བྱ་འགུལ་དང་། མི་རིགས་མཐུན་སྒྲིལ་གསར་འཛུགས་གྲོང་གསེབ་ལ་སྐྱོད་པ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། ལས་ཁུངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་སྤུས་ཚད་ཏན་ཏིག་གིས་མཐོར་འདེགས་གཏོང་དགོས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།