ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་དང་སློབ་ཚོགས་བྱ་བའི་གྲོས་ཚོགས་བསྡུས།
2024.11.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 41

ཟླ11པའི་ཚེས8ཉིན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་དང་སློབ་ཚོགས་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན།《མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁྱབ་གདལ་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། 2024 ལོའི་བྱ་བར་སྤྱི་བསྡོམས་དང2025 ལོའི་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། ད་ལོར་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་དོན་གྱི་བསམ་ཕྱོགས་རྒྱ་བསྐྱེད་པ་དང་བྱེད་ཐབས་གསར་གཏོད་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་པ། བརྗོད་བྱ་གཙོ་བོ་དར་སྤེལ་གཏོང་བ། དྲང་ནུས་ཁྱབ་སྤེལ་གཏོང་བ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་མི་ཆོས་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ནས། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ཚན་རིགས་ཁྱབ་གདལ་དང་སློབ་ཚོགས་ཀྱི་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། བསམ་གཞིགས་བྱེད་སྟངས་གསར་གཏོད་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། ལམ་ལུགས་སོ་སོ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤྱི་ཚོགས་ཚན་རིག་གི་ཐོན་ཁུངས་ཧྲིལ་བསྡུས་བྱེད་པ། སྤྱི་ཚོགས་ཚན་རིག་གི་ཤེས་ལྡན་མི་སྣ་ཧུར་ཐག་གིས་གསོ་སྐྱོང་བྱེད་པ། ནུས་ལྡན་གྱི་བྱ་བའི་ཐེག་ནུས་འཛུགས་པ། གཙོ་བོ“མ་ལག་ཅན་དང་གཞི་གྲངས་ཅན། སྤུས་རྟགས་ཅན། ལེགས་བསྡུས་ཞིབ་གཉེར་ཅན”གསར་གཏོད་བྱེད་པར་དམིགས་ནས། སྤྱི་ཚོགས་ཚན་རིག་ལས་དོན་གྱི་སྤུས་འདེགས་རིམ་སྤར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ད་དུང་སྐབས་གསུམ་པའི་རྒྱལ་ཡོངས་སྤྱི་ཚོགས་ཚན་རིག་ཁྱབ་གདལ་དང་རྟེན་གཞིའི་འགྲེལ་བཤད་པའི་འགྲན་བསྡུར་ཆེན་མོ་དང་། “རི་ཆུའི་འབྱུང་ཁུངས། རབ་མཛེས་མཚོ་སྔོན” ཞེས་པ་བརྗོད་དོན་ཡིན་པའི་རྩོམ་བསྡུའི་བྱ་འགུལ་གྱི་ཕུལ་བྱུང་རྩ་འཛུགས་སྡེ་ཚན་དང་མི་སྒེར་ལ་བྱ་དགའ་གནང་བ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། 

འབྲུག་མོས་བསྒྱུར།