ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་རིག་གནས་ལྔ་གསོ་སྐྱོང་དར་སྤེལ་གཏོང་བའི་བརྗོད་དོན་དཔེ་སྟོན་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ།
2024.11.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བསམ་བློ་རིག་གནས་དྲིལ་སྒྲོག་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱས་ནས། མཚོ་སྔོན་གྱི་རིག་གནས་དར་སྤེལ་གཏོང་ཆེད། ཟླ11ཚེས17ཉིན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ལག་བསྟར་བྱས་ཏེ་རིག་གནས་ལྔ་གསོ་སྐྱོང་དར་སྤེལ་གཏོང་བའི་བརྗོད་དོན་དཔེ་སྟོན་གྱི་སྒྲོག་འགྲེལ་བྱེད་སྒོ་ཟི་ལིང་དུ་སྤེལ་མགོ་བརྩམས་ཤིང་། དཔེ་སྟོན་སྒྲོག་འགྲེལ་གྱི་བྱེད་སྒོ་ཐོག་མ་མཚོ་སྔོན་སྒོ་འབྱེད་སློབ་ཆེན་དུ་སྤེལ།

ཁྱོན་ཡོངས་དང་ཆ་ཚང་བའི་སྒོ་ནས་རིག་གནས་ལྔ་སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ་སྒྲོག་འགྲེལ་བྱ་བ་གཏིང་ཟབ་ནས་གཏིང་ཟབ་ཏུ་སྐུལ་འདེད་གཏོང་ཆེད། ཐེངས་འདིའི་བྱེད་སྒོ་ལས་ཞིང་ཆེན་རིམ་པའི་གཞུང་ལུགས་སྒྲོག་འགྲེལ་ཆེད་མཁས་པའི་མཛོད་ཀྱི་ཁོངས་མི་སྐོང་འཐེན་བྱས་ཏེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱས་ཏེ་མཚོ་སྔོན་གྱི་རིག་གནས་ལྔ་གསོ་སྐྱོང་དར་སྤེལ་གཏོང་བའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ནས། བྱེད་སྒོའི་བཀོད་སྒྲིག་ལྟར་མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་སྒོ་འབྱེད་སློབ་ཆེན། མཚོ་སྔོན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་སོགས་ཞིང་ཆེན་ཁུངས་གཏོགས་ཀྱི་དངོས་གཞིའི་སློབ་གྲྭ་དྲུག་ཏུ་དཔེ་སྟོན་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ཏེ། རིག་གནས་ལྔ་སློབ་སྦྱོང་དང་དར་སྤེལ་གཏོང་བའི་རྣམ་པ་བཟང་པོ་ཞིག་གྲུབ་པ་དམིགས་ཡུལ་དུ་བཟུང་ཡོད།

དཔེ་སྟོན་སྒྲོག་འགྲེལ་གྱི་བྱེད་སྒོ་ཐོག་མས་དམར་པོའི་ཁྲག་རྩ་རྒྱུན་འཛིན་བྱས་ཏེ་ཡར་སྐྱེད་སྟོབས་ཤུགས་གཅིག་ཏུ་བསྡུ་ཞེས་པ་བརྗོད་དོན་དུ་བཟུང་ཡོད་ཅིང་། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཧའོ་ཞཱ་ཡིས། དམར་དམག་རྒྱང་སྐྱོད་ཁྲོད་པད་མ་ས་ཁུལ་དང་གསེར་དངུལ་ཐང་གཉིས་གཉིས་གཅིག་བཟོ་གྲྭ་སོགས་བརྒྱུད་པའི་དམར་པོའི་གཏམ་རྒྱུད་འཆད་པ་བརྒྱུད། ཡུལ་དངོས་ཀྱི་དགེ་སློབ་ཚོར་ཡུལ་ཁོངས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་མཚོ་སྔོན་གྱི་དམར་པོའི་རིག་གནས་མཚམས་སྦྱོར་བྱས་ཤིང་། ཚང་མས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཚོ་སྔོན་ལ་དགའ་ཞེན་བཅངས་པ། མཚོ་སྔོན་དར་སྤེལ་གཏོང་བའི་ལྷད་མེད་བརྩེ་སེམས་གཏིང་ཟབ་ཏུ་བཏང་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ཟབ་ཞུགས་མཁན་དང་འཛུགས་སྐྲུན་མཁན། བློས་གཏོང་མཁན་བཅས་བྱེད་པའི་སྐུལ་མ་བཏང་། 

སྒྲོག་འགྲེལ་ལ་ཉན་པའི་ཡུལ་དངོས་ཀྱི་དགེ་སློབ་ཚོས་བལྟས་ན། དམར་པོའི་ཁྲག་རྩ་རྒྱུན་སྲིང་དང་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་དགོས་ན། འབད་འཐབ་སྦྱོང་བརྡར་ཁྲོད་ནས་ནར་སོན་དགོས་ཤིང་། མཁྲེགས་གཏོར་དཀའ་སེལ་ཁྲོད་མཐོར་འདེགས་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་བསྐྲུན་ཆེད་ཡག་ཐོག་རྒྱན་སྤྲས་ཀྱི་བྱས་རྗེས་འཇོག་དགོས་པར་འདོད།

རིག་འཛིན་སྒྲོལ་མས་བསྒྱུར།