2024ལོའི“མཚོ་སྔོན་གྱི་མི་བཟང”ཁྱབ་བསྒྲགས་བྱས།
2024.11.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

 ཟླ11ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་མདོ་ལ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྒྲུབ་འགན་འཁུར་བའི2024ལོའི“མཚོ་སྔོན་གྱི་མི་བཟང”ཁྱབ་བསྒྲགས་མཛད་སྒོ་མཚོ་བྱང་ཁུལ་མདོ་ལ་རྫོང་དུ་བསྡུས།  གཞན་ཕན་སྒྲུབ་པར་དགའ་བ་དང་།  བདེན་དོན་དཔའ་སྐྱེད། ཁ་དན་ཚིག་གནས། ལས་བཀུར་སྐྱེས་འབུལ།  རྒན་བཀུར་གཉེན་གཅེས་བཅས་རིགས་ལྔའི“མཚོ་སྔོན་གྱི་མི་བཟང”22 ལ་མཚན་སྙན་ཐོབ།

ཁྱབ་བསྒྲགས་བྱས་པའི“མཚོ་སྔོན་གྱི་མི་བཟང”ནང་སྨན་པའི་གཅེས་སེམས་ལ་བརྟེན་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་མཁན་བསོད་ནམས་ཀུན་མཁྱེན་དང་། ལས་འཁྱུར་ངལ་གསོ་བྱས་ཀྱང་ཕ་ཡུལ་གྱི་རི་རྒོད་ལྗང་སྒྱུར་ལ་གཞོལ་བའི་ཝུའུ་ཧྲན་ཞང་། རང་སྲོག་ལ་མ་འཛེམ་པར་གྲང་ངར་ཆེ་བའི་ཆུ་ནང་དུ་མཆོངས་ནས་མི་སྲོག་བསྐྱབས་པའི་ཆའོ་ཞའོ་ཕེན་དང་ལིས་ཡུས་ལིན།   རང་སྲོག་ཕངས་མེད་དུ་བཞག་ནས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས་པའི་ཅི་ཐའོ།  ཕ་ཡུལ་གྱི་རྒན་བཀུར་རྒན་གཅེས་ལས་དོན་ཁྲོད་ཞུགས་མཁན་པའེ་ལེང་། མཐོ་སྒང་གི་ཐུམ་འབུའི་ནད་འགོག་བཅོས་བྱེད་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བརྩིས་པའི་མཱ་ཞའོ།  རི་ཆུ་བརྒལ་ནས་མཐོ་སྒང་གི་སློབ་གསོའི་ལས་དོན་ལ་རོགས་སྐྱོར་བྱས་པའི་ཁྲང་ཐུའུ། བོད་མི་རིགས་ཀྱི་གཅེས་ནོར་ཡིན་པའི་བོད་ཀྱི་འཚེམ་དྲུབ་རྒྱུན་འཛིན་དང་དར་སྤེལ་བྱེད་མཁན་ལྷ་མོ་གཡུ་སྒྲོན། མཐོ་སྒང་གི་གློག་ཤུགས་མཁའ་ལམ་གྱི་བདེ་འཇགས་ལ་འགན་སྲུང་བྱས་པའི་ཝང་ཅེ། མཐོ་སྒང་གི་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་བློ་གྲོས་དང་སྟོབས་ཤུགས་འབུལ་མཁན་ལུའུ་ཁྲིན་ཡུན།   ནད་བྱུང་བའི་མནའ་མར་བདག་སྐྱོང་བཟང་པོ་བྱས་པའི་མཱ་ཀྲི་ལེན་སོགས་ཡོད།   ཁོ་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས“མཚོ་སྔོན་གྱི་མི་བཟང”གི་བླ་ན་མེད་པའི་སྙིང་སྟོབས་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་བཟང་དར་སྤེལ་བཏང་བ་རེད།

ཁྱབ་བསྒྲགས་མཛད་སྒོ་དེ“ མི་ཕལ་བས་དགེ་ལས་བརྒྱུད་སྤེལ་དང་དྲོ་སྐྱིད་སྦྱིན་པ”།    “བདེན་དོན་དཔའ་སྐྱེད་ཀྱིས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ”། “ ཁ་དན་ཚིག་གནས་དང་སྤྱོད་བཟང་ཀུན་ཐེག“ལས་གཅེས་ལས་བཀུར་དང་བརྩོན་པ་ལྷུར་ལེན་བྱེད་པ”།    “སྲི་ཞུ་སྒྲུབ་ནས་གཉེན་ལ་གཅེས་པའི་ཁྱིམ་སྲོལ་གྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་ལེའུ5ལ་དབྱེ་ཡོད་པ་དང་།  ལེའུ་རེ་རེ་བརྙན་ཐུང་སྟོན་པ་དང་། ཕན་ཚུན་བརྗེ་རེས་བྱེད་པ། གུས་ཚིག་སྒྲོག་སྦྱང་བྱེད་པ། རིག་རྩལ་འཁྲབ་སྟོན་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད།  “མཚོ་སྔོན་གྱི་མི་བཟང”གི་མི་སེམས་འགུལ་བའི་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་མངོན་པར་བྱས།  བྱ་འགུལ་སྤེལ་ཡུལ་དུ་མཚོ་སྔོན་གྱི་མི་བཟང་ཁག་གཅིག་གིས་ཁོ་ཚོའི་མི་སེམས་འགུལ་བའི་བྱས་རྗེས་ལོངས་སུ་སྤྱོད་པ་དང་འབྲེལ་བྱ་འགུལ་ནང་ཞུགས་མཁན་དང་བརྗེ་རེས་བྱས་ཏེ། ཉེ་འགྲམ་གྱི་མི་བཟང་གི་སྤྱོད་བཟང་མཚོན་པར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ནང་དོན་གཅིག་བསྡུས་ཀྱིས་མཚོན་པར་བྱས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་མི་བཟང་ལ་དཔེ་བལྟས་ནས་རང་ཉིད་ནས་འགོ་བརྩམས་ཏེ་སྤྱོད་བཟང་ལ་བརྩི་མཐོང་དང་དགེ་བར་ཕྱོགས་པའི་ལག་ལེན་པ་དང་ཡ་རབས་སྲོལ་བཟང་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་འགྱུར་བར་བྱས་ནས།  “མཚོ་སྔོན་གྱི་མི་བཟང”ཞེས་པའི་མིང་བྱང་དེ་སྔར་ལས་བཀྲག་མདངས་འཚེར་བར་བྱེད་རྒྱུ་ཡིན་ཟེར།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།