གསར་འགོད་པས་ཟླ11པའི་ཚེས20ཉིན་མཚོ་སྔོན་ཞིང་ཆེན་ན་གཞོན་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི2018ལོ་ནས2025ལོའི་དུས་ཡུན་འབྲིང་རིང་གི་ན་གཞོན་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་ཚུན་དུ། ན་གཞོན་ཡིད་རྟོན་མ་ལག་དང་ན་གཞོན་གྱི་སྤྱི་ཚོགས་འགན་སྲུང་། ན་གཞོན་རིག་གནས་སོགས་ན་གཞོན་གྱི་འཕེལ་རྒྱས་གནས་བབ་དང་འབྲེལ་བའི་གཙོ་གནད་བྱ་བའི་ཁྱབ་ཁོངས་བཅུ་གཅིག་གི་བསྡོམས་རྩིས་ལྟ་ཞིབ་གཞི་གྲངས་སྤྱི་ཁོག་ནས་ཇེ་བཟང་དུ་སོང་བ་དང་། ལས་གཞི་གཙོ་བོ་སྣ་ཚོགས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ལ། དེའི་ཁྲོད་ཆ་སྙོམས་ཀྱི་སློབ་གསོ་མྱོང་བའི་ལོ་ཚད་དང་མཐོ་རིམ་སློབ་གསོའི་སློབ་ཞུགས་ཚད། ལུས་ཕུང་བདེ་ཐང་ཚད། ན་གཞོན་དང་བླངས་པའི་ཐོ་བཀོད་མི་གྲངས་སོགས་ཀྱི་དམིགས་འབེན་ཚད་བརྒལ་ཡོངས་འགྲུབ་བྱས།
ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་ཁོངས་གཏོགས་སྡེ་ཁག་ཞེ་གསུམ་གྱིས་ན་གཞོན་གྱི་མཐར་ཕྱིན་ལས་འཚོལ་དང་སྡོད་ཁང་། བྱིས་པའི་སློབ་གསོ། གཉེན་སྒྲིག་གྲོགས་སྒྲིག སྤྱི་ཚོགས་འགན་སྲུང་སོགས་ལ་སྐུལ་འདེད་གཏོང་བར་དམིགས་ནས། བསྡོམས་པས་སྲིད་ཇུས་བཞི་བརྒྱ་ལྷག་དང་དོན་དངོས་ལས་གཞི་འགའ་ཞིག་ཕྱིར་བཏོན་ནས། མཉམ་འཛིན་མཉམ་སྡོམ་གྱི་ན་གཞོན་འཕེལ་རྒྱས་བྱ་བའི་མཉམ་ཤུགས་ཐོག་མར་གྲུབ་པར་བྱས། ན་གཞོན་གྱི་བསམ་བློ་ཀུན་སྤྱོད་ཁྱབ་ཁོངས་སུ། ན་གཞོན་གྱི་སློབ་སྦྱོང་ཆེན་མོ་དང་གུང་གཞོན་ཚོགས་པའི་འཆད་ཁྲིད་སོགས་བྱ་བའི་རྐྱེན་སྲོལ་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ། རིགས་མི་འདྲ་བའི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་ལག་ལེན་བྱ་འགུལ་ཐེངས་ཁྲི་བདུན་ལྷག་སྤེལ་བ་དང་། ན་གཞོན་ལོ་ཆུང་ས་ཡ་དྲུག་ལྷག་ལ་ཕན་བཏགས། ན་གཞོན་སློབ་གསོའི་ཁྱབ་ཁོངས་སུ། ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོའི་སྲ་བརྟན་ཚད་དང་མཐོ་འབྲིང་དུས་རིམ་གྱི་སློབ་ཞུགས་ཚད་སོ་སོར་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་གཉིས་ལྔ་དང་བརྒྱ་ཆའི་གོ་ལྔ་དང་གྲངས་ཆུང་གཅིག་ལྔར་སླེབས་ལ། དེ་རྒྱལ་ཡོངས་ཆ་སྙོམས་ཀྱི་ཆུ་ཚད་ལས་མཐོ་བར་སྣང་། སློབ་གསོ་འདྲ་མཉམ་གྱི་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་བ་དང་། འོས་འགན་སློབ་གསོ་དུས་རིམ་གྱི་གྲོང་ཁྱེར་ལ་ཞོར་ལས་བྱེད་པར་སོང་བའི་མི་སྣའི་བྱིས་པ་གཞུང་སྒྲུབ་སློབ་གྲྭར་ཞུགས་པའི་ཚད་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་བདུན་བཞི་ལ་སླེབས། ན་གཞོན་གྱི་གཉེན་སྒྲིག་གྲོགས་སྒྲིག་ཁྱབ་ཁོངས་སུ། སྲོལ་རྙིང་འདོར་བའི་འབྲེལ་ཡོད་སྲོལ་ཡིག་གཏན་འབེབས་བྱས་པ་དང་། གཉེན་སྒྲིག་མ་བྱས་སྔོན་གྱི་ལུས་ཕུང་བརྟག་དཔྱད་དང་མངལ་མ་ཆགས་སྔོན་གྱི་ལེགས་སྐྱེས་བདེ་ཐང་བརྟག་དཔྱད་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས། ན་གཞོན་གྱི་ལས་ཞུགས་ལས་སྐྲུན་ཁྱབ་ཁོངས་སུ། ལས་ཞུགས་དངོས་སྦྱོང་ལས་རྐང་ས་ཡ་གཅིག་སྡུད་རུབ་བྱེད་པའི་འཆར་འགོད་ལག་བསྟར་བྱས་ནས། བསྡོམས་པས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་དངོས་སྦྱོང་རྟེན་གཞི261བཙུགས་པ་དང་། ན་གཞོན་གྱི་ལས་སྐྲུན་ཁེ་ལས1152སྐྱེད་སྲིང་བྱས་ཏེ། ན་གཞོན་ཁྲི་གཅིག་དང་སྟོང་གསུམ་བརྒྱ་ཡི་ལས་ཞུགས་ཐད་སྣེ་ཁྲིད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བརྟན་འཇགས་ཀྱི་སྤྱི་ཡོངས་ལ་རྒྱུན་མཐུད་ངང་རོགས་འདེགས་བྱས།
དེ་དང་མཉམ་དུ། ལས་གཞི་གཙོ་བོ་ལག་བསྟར་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་། ན་གཞོན་མར་ཁེ་སི་རིང་ལུགས་པའི་སྐྱེད་སྲིང་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱས་ནས། ན་གཞོན་སྟོང་བདུན་དང་སུམ་བརྒྱ་གྱ་དྲུག་ལ་ཆབ་སྲིད་ཀྱི་སྦྱོང་བརྡར་ཐོབ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྒྲོག་འགྲེལ་གྱི་ན་གཞོན་སྒྲོག་འགྲེལ་པའི་དཔུང་སྡེ་དྲུག་ཅུ་བཙུགས་པ་དང་། བསྡོམས་པས་ན་གཞོན་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་དཔེ་སྟོན་ས་ཆ་སུམ་བརྒྱ་བཙུགས་ལ། ན་གཞོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱས། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ། སྡེ་བ་རིམ་པ་ལྔའི་སྐྱེ་ཁམས་དཔལ་ཡོན་ན་གཞོན་དང་བླངས་པའི་ཞབས་ཞུའི་རུ་ཁག་སུམ་བརྒྱ་དང་ཞེ་ལྔའི་གྲུབ་འབྲས་འདོན་སྤེལ་བྱེད་ཚད་མངོན་གསལ་ཡིན་པ་དང་། བསྡོམས་པས་རིགས་མི་འདྲ་བའི་བརྗོད་དོན་ལག་ལེན་བྱ་འགུལ་སྟོང་གཉིས་དང་སུམ་བརྒྱ་བདུན་ཅུ་སྤེལ་ནས། ན་གཞོན་ལོ་ཆུང་འབུམ་གསུམ་དང་ཁྲི་བཞི་སྟོང་བཞི་དེའི་ཁྲོད་ཞུགས། གྲོང་གསེབ་དར་སྤེལ་དང་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ནས་དང་བླངས་པའི་ཞབས་ཞུ་བྱ་འགུལ་སྟོང་ལྔ་དང་དགུ་བརྒྱ་སྤེལ་བ་དང་། ན་གཞོན་དང་བླངས་པ་འབུམ་གཅིག་དང་ཁྲི་དགུ་སྟོང་གསུམ་བྱ་འགུལ་ལ་ཞུགས། ཞིང་ཆེན་ཡོངས་ཀྱི་འཆར་འགོད་སྣ་གསུམ་ཐད་ཀྱི་དང་བླངས་པ་ཁྲི་གཉིས་ལྷག་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་སོང་ནས། གཞི་རིམ་བཅོས་སྐྱོང་གི་ལག་ལེན་དངོས་ཀྱི་ཁྲོད་ཞུགས་ནས་སྦྱོང་བརྡར་བཟང་བོ་ཐོབ།
རིན་ཆེན་མཚོས་བསྒྱུར།